བཙོན་པར་ནད་བཅོས་དུས་ཐོག་བྱེད་མ་བཅུག་པའི་མནར་གཅོད།

སྨྲ་བརྗོད་རང་དབང་ཕྲོགས་ཏེ་བཙོན་འཇུག་བྱས་པ་རྣམས་ཀྱི་ན་ཚ་དུས་ཐོག་བཅོས་མ་བཅུག་པར་ནར་འགྱངས་བྱེད་བཞིན་པ་ནི་མནར་གཅོད་བྱེད་སྟངས་ཤིག་ཡིན་པས། དེ་འཕྲལ་དུ་མཚམས་འཇོག་དགོས་ཞེས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་ལ་འབོད་བརྡ་བཏང་འདུག

ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༥ ཉིན་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས། དེ་སྔོན་དྲ་རྒྱའི་ཐོག་ནས་རྒྱ་ནག་དམར་གཞུང་ལ་ཁ་གཏད་ལས་འགུལ་སྤེལ་མཁན་ད་ལྟ་བཙོན་འོག་ཏུ་ཡོད་པའི་སྐུ་ཞབས་ཧཱང་ཅི་ལ་ན་ཚ་ལྕི་མོ་ཕོག་ཡོད་སྟབས། མྱུར་དུ་སྨན་བཅོས་མ་བྱས་ན་ཆབ་སྲིད་དང་འབྲེལ་བའི་བཀག་ཉར་དེའི་འོག་ནས་ཁོང་གི་ཚེ་སྲོག་ཤོར་རྒྱུ་ཡིན་པའི་ཉེན་བརྡ་ཞིག་རྒྱ་ནག་དམར་གཞུང་ལ་བཏང་ཡོད་འདུག

ཧཱང་ཅི་ནི་འདི་ལོར་རང་ལོ་༥༥ ཡིན་པ་དང་། ཕྱི་ལོ་༢༠༡༦ ལོར་ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ནས་ད་ལྟ་ཟི་ཁྲོན་ཞིིང་ཆེན་གྱི་མངའ་ཁོངས་སུ་ཡོད་པའི་མེན་ཡཱང་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག

ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་༦ པའི་ཚེས་༤ ཉིན་པེ་ཅིང་གནམ་སྡེ་སྒོ་མོར་མང་གཙོ་དོན་གཉེར་བར་རྒྱ་ནག་དམར་གཞུང་གིས་ཁྲག་དྲི་ཐུལ་བའི་དྲག་གནོན་བྱས་པའི་རྗེས་སུ། སྐུ་ཞབས་ཧཱང་ཅི་ཡིས་(64 Tianwang) ཞེས་པའི་དྲ་རྒྱ་ཞིག་གཙོ་གཉེར་བྱེད་འགོ་བཙུགས་ཡོད་པ་དང་། དེའི་ནང་ཁོང་གིས་ས་གནས་སུ་བྱུང་བའི་རུལ་སུངས་ཀྱི་གནས་ཚུལ་སྐོར་དང་། ཉེན་རྟོག་པས་མི་མང་ལ་གདུག་རྩུབ་བཏང་བའི་གནས་ཚུལ་སོགས། རྒྱུན་དུ་རྒྱ་ནག་གི་བརྒྱུད་ལམ་དཀྱུས་མའི་ནང་འགོད་དཀའ་བའི་གནས་ཚུལ་རྣམས་སྤེལ་གྱི་ཡོད་འདུག་པ་དང་། ད་ལྟ་དྲ་རྒྱ་དེ་རྒྱ་ནག་སྐམ་ས་ཆེན་མོ་ནང་བཀག་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་བསྒྲགས་གཏམ་ནང་འཁོད་པ་ལྟར་ན། ཧཱང་ཅི་ལ་ད་ལྟ་མཁལ་མའི་རྒྱུན་གཅོང་གི་ན་ཚ་དང་། སྙིང་གི་ན་ཚ། དེ་བཞིན་ཀླད་པ་དང་འབྲེལ་བའི་ན་ཚ་བཅས་ཕོག་ཡོད་འདུག་པ་དང་། ད་ལྟ་རང་ལོ་༨༥ ལ་སོན་པའི་ཁོང་གི་མ་རྒན་ཕུ་ཝེན་ཅིང་གིས་“ཧཱང་ཅི་ཡི་ད་ལྟའི་གནས་སྟངས་ནི་ཧ་ཅང་ཛ་དྲག་རེད་”ཅེས་བརྗོད་ཡོད་འདུག་པ་དང་། མོ་རང་གི་བུའི་ཆེད་དུ་ཞུ་གཏུགས་བྱ་ཕྱིར་ཟླ་སྔོན་མའི་ནང་རྒྱ་ནག་པེ་ཅིང་ལ་བསྐྱོད་ཡོད་འདུག མོས་“ངའི་བུ་བཙོན་ཁང་དུ་ཤི་འཇུག་འདོད་མེད། ངའི་རེ་བར་ཁོང་ལ་སྨན་བཅོས་བྱ་ཆེད་དབང་འཛིན་པ་ཚོས་གློད་གྲོལ་བྱ་རྒྱུའི་རེ་བ་རྒྱག་གི་ཡོད་”ཅེས་བརྗོད་ཡོད་འདུག་པ་མ་ཟད། སྙན་ཞུ་རིམ་པར་ཕུལ་མཐར་སྨན་བཅོས་ཁག་ཐེག་གི་ཐོག་ནས་ཁོང་གློད་གྲོལ་བཏང་རྒྱུར་ངོས་ལེན་བྱས་མ་བྱུང་སྐོར་ཡང་བརྗོད་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། རང་དབང་ཁང་པ་སོགས་ཁེ་མེད་ཚོགས་པ་༡༤ ཡིས་བསྒྲགས་གཏམ་ཞིག་སྤེལ་ནས་ཧཱང་ཅི་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་། ཧཱང་ཅི་ཡི་ཁྲིམས་རྩོད་པས་“ཁོང་གི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འདུག་”ཅེས་བརྗོད་འདུག དེ་བཞིན་ཁོང་ཚོའི་བསྒྲགས་གཏམ་ནང་། སྨྲ་བརྗོད་རང་དབང་གི་ཐོབ་ཐང་སྤྱད་ནས་ཞི་བའི་ལས་འགུལ་སྤེལ་བར་བཀག་ཉར་བྱས་པའི་ཧཱང་ཅི་རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་། སྨྲ་བརྗོད་རང་དབང་ཕྲོགས་ཏེ་བཙོན་འཇུག་བྱས་པའི་བཙོན་པ་རྣམས་ཀྱི་ན་ཚ་དུས་ཐོག་བཅོས་མ་བཅུག་པར་ནར་འགྱངས་བྱེད་བཞིན་པ་ནི་མནར་གཅོད་བྱེད་སྟངས་ཤིག་ཡིན་པས། དེ་འཕྲལ་དུ་མཚམས་འཇོག་དགོས་པ་སོགས་འཁོད་འདུག

མེན་ཡཱང་བཙོན་ཁང་གི་འགན་འཛིན་གཞོན་པས་གནས་ཚུལ་འདིའི་ཐོག་སྐད་ཆ་བཤད་རྒྱུར་ངོས་ལེན་བྱས་མེད་པ་དང་། ཧཱང་ཅི་ཡི་ལས་འགུལ་ལ་རྒྱ་ནག་གི་དབང་འཛིན་པ་རྣམས་ཁོང་ཁྲོ་དྲག་པོ་ལངས་ཀྱི་ཡོད་པའི་གནས་ཚུལ་འདུག

སྔར་ལོ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་རྩོམ་པ་པོ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཞའོ་པོ་ཕྱི་རྒྱལ་ལ་ནད་བཅོས་བྱ་ཆེད་དུ་གཏོང་དགོས་པའི་རེ་ཞུ་བྱས་ཀྱང་། རྒྱ་ནག་གིས་ངོས་ལེན་མ་བྱས་པར་མཐར་ཁོང་འདས་གྲོངས་སུ་སོང་ཡོད་པ་དང་། ད་ཐེངས་རྒྱལ་སྤྱིའི་ཁེ་མེད་ཚོགས་པ་༡༤ ཡིས་སྨྲ་བརྗོད་རང་དབང་དང་འབྲེལ་ནས་བཙོན་འཇུག་བྱས་པ་རྣམས་ལ་སྨན་བཅོས་དུས་ཐོག་ཏུ་བྱེད་མ་བཅུག་པ་འདི་ནི་རྒྱ་གཞུང་གིས་མནར་གཅོད་གཏོང་སྟངས་ཤིག་ཡིན་པ་འཁོད་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།