བཟོ་ཚོང་ལས་རེ་བ་གཞན་འདུག་གམ།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༣༦ གི་ཆེད་བརྗོད།
རྒྱ་དམར་གཞུང་གིས་བོད་བཙན་འཕྲོག་བྱས་པས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་༦༦ ཙམ་ཕྱིན་ཡོད། ད་ལྟའི་ཆར་གཞུང་སྒེར་གཉིས་ཐད་ནས་གནས་སྐབས་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་དེ་ཙམ་མེད། བོད་མིའི་སྒྲིག་འཛུགས་ཀྱི་༢༠༢༤ ཟླ་༤ ཚེས་༡ ནས་༢༠༢༥ ཟླ་༣ ཚེས་༣༡ བར་རྩིས་ལོ་གཅིག་གི་ནང་རྒྱུན་གྲོན་དང། དམིགས་བསལ། དམིགས་བཀར་བཅས་བསྡོམས་སྔོན་རྩིས་ཧིན་སྒོར་ས་ཡ་༣༣༣༡ ལྷག་བཀའ་འཁྲོལ་སྤྲད་ཡོད་ཅིང། སྤྱི་འཐུས་རྒྱུན་ལས་ནས་སྔ་རྗེས་སུ་བར་བརྒལ་བཀའ་འཁྲོལ་མང་པོ་སྤྲད་ཡོད་པས་ཐོག་མའི་བཀའ་འཁྲོལ་ལ་འཕར་ཆ་ཆེན་པོ་བྱུང་ཡོད། སྔོན་རྩིས་བཀའ་འཁྲོལ་ལས་མང་ཤོས་ཕྱིའི་རོགས་ཚོགས་ཁག་ལ་བརྟེན་ཡོད་པ་དང། ད་ཆ་ཨ་རིའི་རོགས་རམ་ལ་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་པས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཡོངས་དཔལ་འབྱོར་གྱི་གནས་བབས་དང་ཡོང་འབབ། མ་འོངས་པའི་ཁ་ཕྱོགས་སྐོར་བསམ་བློ་མི་གཏོང་ཐབས་མེད་རེད།
ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཡོང་འབབ་གཙོ་བོ་རོགས་ཚོགས་ཁོ་ན་ལ་བརྟེན་ཡོད་པ་དང། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིན་པའི་སྐབས་ནས་བཙན་བྱོལ་བོད་གཞུང་གི་ཚོང་ལས་སྡེ་ཚན་ཁག་སྒོ་བརྒྱབ་ཡོད་པ་དང། དེའི་རྗེས་སུའང་ཚོང་ལས་དང་འབྲེལ་བའི་ལས་གཞི་ཆེན་པོ་གང་ཡང་སྤེལ་ཐུབ་མེད། སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེའི་སྐབས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གསར་འཛུགས་དང་རོགས་དངུལ་ཡང་ཕོན་ཆེ་རགས་ཡོད་ཀྱང། སྲིད་སྐྱོང་སྤེན་པ་ཚེ་རིང་སྲིད་སྐྱོང་དུ་སླེབས་སྐབས་ལས་གཞི་དེ་ལའང་རེ་བ་གང་ཡང་མ་མཐོང་བས་ད་ཆ་ཤི་མ་གསོན་ཙམ་དུ་གྱུར་ཡོད། གཞན་བོད་མིའི་སྒྲིག་འཛུགས་ལ་ཚོང་ལས་དང་འབྲེལ་བའི་ཡོང་འབབ་ཅིག་ཕལ་ཆེར་མེད་ཅེས་བརྗོད་ཀྱང་ཆོག་པ་ཞིག་རེད། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ཐོག་མ་སླེབས་སྐབས་བཙན་བྱོལ་བོད་གཞུང་ལ་ཁེ་བཟང་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་བཟོ་ཚོང་སྡེ་ཚན་གང་འཚམ་ཞིག་ཡོད།
དོན་དངོས་སུ་ཕྱི་ལོ་༡༩༥༩ ནས་༢༠༠༡ བར་དུ་བཙན་བྱོལ་བོད་གཞུང་གིས་གནས་སྟངས་དང་འཁོས་འབྱོར་ལ་གཞིགས་པའི་རིམ་བཞིན་ཚོང་ལས་སྡེ་ཚན་ཁག་མང་པོ་ཞིག་གསར་འཛུགས་བྱས་ཡོད་ལ། མང་པོ་ཞིག་ལ་ཁེ་བཟང་ཡང་བྱུང་ཡོད། ཚོང་ལས་སྡེ་ཚན་ཁ་ཤས་ནང་ལྐོག་ཟ་རུལ་སུངས་དང་གྱོང་གུད་ཀྱི་གནས་སྟངས་ཀྱང་ཆེན་པོ་བྱུང་བའི་ལོ་རྒྱུས་ཡོད་ལ། དེ་ལ་བརྟེན་ནས་ཟམ་གདོང་རིན་པོ་ཆེས་བོད་གཞུང་གི་གཞུང་ཞབས་རེ་ཟུང་ལ་རྒས་ཡོལ་སྔ་བསྣུར་དང་རྒས་ཕོགས་བཅད་པ་སོགས་བྱས་ཡོད། མི་སྣ་དེ་དག་ནང་ཁུལ་གྱི་ཆབ་སྲིད་ནང་འབྲེལ་བ་ཆེན་པོ་ཡོད་མཁན་ཡིན་པས་ཐག་གཅོད་སྐབས་མིང་དེ་ལྟར་བཏགས་པ་ཙམ་ལས་དོན་དུ་གནས་དབྱུང་བཏང་བ་ཞིག་རེད། གང་ལྟར་སྐབས་དེར་བཟོ་ཚོང་སྡེ་ཚན་ཁག་ལ་ཆ་སྙོམ་གྱི་ཐོག་ནས་ཁེ་འབབ་ཆེན་པོ་ཡོད་མེད་གང་ལྟར་ཡང་ས་ཁང་ཡོངས་རྫོགས་ཕམ་ཚོང་བྱས་པ་ནི་བཙན་བྱོལ་བོད་གཞུང་ལ་དཔལ་འབྱོར་གྱི་ཐོག་ནས་གྱོང་གུན་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ནི་ད་ལྟའི་ཆར་ཧ་ཅང་གསལ་པོར་གྱུར་ཡོད།
བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེའི་སྐབས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཚོང་ལས་ནི་གཏན་ནས་བྱེད་མི་རུང་བར་སྤང་བྱ་ཁོ་ན་ཡིན་པའི་སྲིད་བྱུས་བཟུང་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཀྱང་ཁེ་མེད་དགེ་རྩའི་ངོ་བོར་དེབ་སྐྱེལ་བྱས་པ་འབའ་ཞིག་ཡིན་པ་དང། ད་ལྟའི་ཆར་ཡང་སྲིད་བྱུས་སམ་ཁ་ཕྱོགས་དེ་མུ་མཐུད་དུ་ཡོད་པ་ལྟ་བུ་རེད། རོགས་ཚོགས་ཐབས་འཚོལ་བྱེད་སྟངས་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་ཅུང་གོམས་ཆ་ཡོད་པ་དང་ད་ལྟ་ཡོང་འབབ་ཀྱི་གཙོ་བོ་ཡང་རོགས་ཚོགས་ཁག་རེད། ཆབ་སྲིད་པ་དང་ལས་བྱེད་པ་མང་པོའི་སེམས་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཚོང་ལས་བྱེད་མི་རུང་བའི་དྲིལ་བསྒྲགས་དེ་ཧ་ཅང་ཟུག་པོ་བྱུང་ཡོད། ལས་དོན་གལ་ཆེན་ཞིག་རོགས་ཚོགས་ལ་བརྟེན་ནས་དཀའ་ངལ་འཕྲད་པ་ནི། བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཀློ་སྒྲིག་འཛུགས་ལ་ཐོག་མ་ཨ་རིས་རོགས་པ་བྱས་པ་དང། རྗེས་སུ་རོགས་རམ་བཅད་པས་སྒྲིག་འཛུགས་དེ་སྒོ་རྒྱག་དགོས་ཐུག་པ་མ་ཟད། ནང་ཁུལ་རྩོད་རྙོག་ཆེན་པོ་ཐུག་ཡོད།
མདོར་ན་མ་འོངས་པར་ཡང་ཨ་རིའི་རོགས་རམ་ཆད་ན་བོད་མིའི་སྒྲིག་འཛུགས་ནི་ལས་དོན་ཆེན་པོ་གང་ཡང་བྱེད་མི་ཐུབ་པ་ཞིག་ཏུ་འགྱུར་རྒྱུ་ཉག་གཅིག་རེད། བོད་པ་རང་ངོས་ནས་རང་ཁ་རང་གསོ་ཡོང་ཐབས་བྱེད་དགོས་ན་བཙན་བྱོལ་བོད་མི་ལ་ཁྲལ་ཆེན་པོ་བསྡུ་རྒྱུའི་ཁོར་ཡུག་མེད་ལ། བསྡུ་ཐུབ་པ་ཞིག་ཀྱང་མ་རེད། གང་ལྟར་ཐོན་སྐྱེད་དང་བཟོ་ཚོང་ཁོ་ན་ལ་བརྟེན་ནས་རང་ཁ་རང་གསོ་ཡོང་ཐབས་ཤིག་བྱ་རྒྱུ་དེ་རེ་བ་ཆེ་ཤོས་ཡིན་པ་ལས། རོགས་ཚོགས་ཁག་ལ་སློང་རྒྱག་རྒྱུ་དེ་ཡང་བརྟན་པོ་དང་འགྱུར་བ་མེད་པའི་ཡོང་འབབ་ཅིག་མིན། མ་འོངས་པར་ཚོང་ལས་ཀྱི་སྐོར་ལ་བསམ་བློ་རྒྱ་ཆེན་པོ་ཞིག་གཏོང་ཐུབ་ན་དེང་དུས་ཀྱི་ཤེས་ཡོན་སྦྱང་བརྩོན་བྱེད་མྱོང་བའི་ན་གཞོན་མང་པོ་ཡོད་པས། དེང་དུས་དང་མཐུན་པའི་ཚོང་ལས་བྱེད་མི་ཐུབ་པ་ཞིག་གཏན་ནས་མ་རེད། གལ་སྲིད་ཚོང་ལས་ཀྱང་མ་འཇོན་ན་བོད་མིའི་སྒྲིག་འཛུགས་སྒོ་རྒྱག་རྒྱུ་ཁོ་ན་ལས་ཐབས་ལམ་གཞན་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་པས་ཚོང་ལས་ཀྱི་སྣེ་ཁྲིད་བྱ་རྒྱུ་དེ་ཐབས་ལམ་གཅིག་ཁོ་ན་ཡོད་པ་དེ་རེད་སྙམ།།