བར་ཁམས་རོང་པོའི་ལོ་རྒྱུས་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཚེས་༤ ཉིན་གྱི་ཕྱི་དྲོར་རྡོ་རྗེ་གདན་དུ་དགེ་བཤེས་བསྟན་འཛིན་ཀླུ་སྒྲུབ་ཀྱིས་བརྩམས་པའི་<<བོད་ཀྱི་རྒྱལ་རབས་དང་འབྲེལ་བའི་བར་ཁམས་རོང་པོ་ཁུལ་གྱི་ལོ་རྒྱུས་དགའ་སྐྱོ་འདྲེན་པའི་དབྱར་རྔ་>>ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།

15879615_1202298283181956_1615890400_nདཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཕེབས་ཡོད་པ་དང་། ལོ་རྒྱུས་ཀྱི་དེབ་དེའི་ནང་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་མདོར་བསྡུས་དང་། རོང་པོ་ས་གནས་ཀྱི་ཡུལ་དགོན་གྱི་ལོ་རྒྱུས། རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས་རོང་པོ་ཁུལ་གྱིས་རྒྱ་དམར་ལ་རྒོལ་ལན་བྱ་རྒྱུའི་སྒྲིག་འཛུགས་ཀྱི་འཐབ་འཛིང་སྐོར། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་བདེན་དཔང་སྐོར། རྒྱ་ནག་གིས་བོད་མི་དམར་གསོད་དང་བཙོན་འཇུག་སྐོར། རྒྱ་ནག་གི་རྙིང་གཏོར་གསར་འཛུགས་སྐོར། རྗེས་ཤུལ་བུ་རབས་ཀྱི་རྒྱ་རྒོལ་སྐོར་སོགས་འཁོད་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གྱིས་རྩོམ་པ་པོར་བསྔགས་བརྗོད་གནང་བ་དང་། ལོ་རྒྱུས་དེབ་དེ་དང་འབྲེལ་ནས་གསུང་དོན། “རོང་པོ་བར་ཁམས་ཀྱི་ལོ་རྒྱུས་དངོས་ཡོད་གནས་ཚུལ་དང་མཐུན་པ་བྲིས་ཡོད་པས་ཕན་ཐོགས་ཆེན་པོ་ཡོང་གི་རེད། སྔོན་མའི་ང་ཚོའི་ལོ་རྒྱུས་ཁག་ལ་ཞན་ཆ་ཞིག་ཚང་མས་མཐོང་གི་ཡོད་པ་རེད། ལོ་ཁམས་མཐུན་གྱི་མེད་པ་དང་། གནས་ཚུལ་ཁ་ཤས་མ་འདྲ་བ་མང་པོ་ཡོད་པ། གནས་སྟངས་མང་པོ་ཞིག་ལ་ར་བཏགས་བྱས་ནས། བླ་མའི་ལོ་རྒྱུས་ཡིན་ན་དག་སྣང་གཙོ་བོ་བྱས་ནས་བྲིས་བཞག་པ་ཡོད་རེད། རྗེས་སུ་ཉམས་ཞིབ་བྱེད་མཁན་ཚོའི་ནང་སྔོན་མའི་ང་ཚོའི་ལོ་རྒྱུས་ཕན་ཐོགས་མི་འདུག་ཟེར་མཁན་ཡོད་པ་རེད། དངོས་ཡོད་གནས་ཚུལ་འབྲི་དགོས་པ་དང་། དོགས་པ་ཡོད་ས་དེ་ཚོ་དོགས་གཅོད་ཀྱི་ངོ་བོར་ཟུར་དུ་བཀོད་ན་ཡག་པོ་ཡོང་གི་རེད་”ཅེས་གསུངས་པ་དང་། ཁོང་གིས་བོད་ཀྱི་ས་གནས་ཁག་གི་ལོ་རྒྱུས་བྲིས་ནས་བོད་པ་ཚང་མས་ཤེས་པ་ཞིག་བྱུང་ན་བོད་མི་ཚང་མ་གཅིག་པ་ཡིན་པ་དང་ཆིག་སྒྲིལ་ལ་ཕན་ཐོགས་ཡོད་པ་དང་། དེ་བཞིན་ལོ་རྒྱུས་འབྲི་སྐབས་རྒྱུ་ཆ་སྔོན་ནས་གསོག་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོར་གདན་ནས།