བརྒྱུད་ལམ་གྱི་འགན་ཁུར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་   ༥༩༩   ཕྱི་ལོ་ ༢༠༡༦/༦/༡༥

བོད་མི་རིགས་ཀྱི་གནས་སྟངས་དེ་ཉིད་འཆི་གསོན་གྱི་འགག་མདོ་ཞིག་ཏུ་སླེབས་ཡོད་པ་དང། བོད་སྐྱོབ་པའི་ནུས་པ་བོད་ཕྱི་ནང་གཉིས་ཀྱི་གང་ལ་ཡོད་མེད་ཀྱི་ཐད་ནས་བསམ་བློ་ངེས་པར་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད། ལྷག་པར་བོད་ནང་གི་གནས་ཚུལ་མང་པོ་ཞིག་ལ་དབྱེ་ཞིབ་ཀྱི་ཐོག་ནས་ཐོས་པ་ཙམ་གྱིས་འགོད་དགོས་པ་ཞིག་ཡིན་ནམ། གལ་སྲིད་འགོད་འགྲེམས་བྱས་ན་བོད་ཕྱི་ནང་གཉིས་སུ་ཤུགས་རྐྱེན་བཟང་ངན་གང་གི་ཕྱོགས་ནས་ཐེབས་མིན་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཧ་ཅང་གལ་ཆེ། སྤྱིར་གསར་འགོད་པའི་ཀུན་སྤྱོད་དང་ལག་ལེན་གྱི་ཚད་ཐིག་ཐོག་ནས་གསར་འགོད་རང་དབང་དང་སྤྱི་ཚོགས་འགན་ཁུར་གྱི་བསམ་བློ་གཉིས་གཞི་གཅིག་ཏུ་འབབ་ཐུབ་མིན་གྱི་ཐོག་ལ་རྩོད་གླེང་ཆེན་པོ་ཡོད་ནའང། རང་ཡུལ་ཤོར་ནས་མི་ཡུལ་ལ་སྐྱབས་བཅོལ་དུ་སླེབས་ཤིང། རང་ཡུལ་དུ་རྒྱ་དམར་གཞུང་གི་དྲག་གནོན་དང་མནར་གཅོད་འོག་ཡོད་པའི་གཞིས་བཞུགས་བོད་རིགས་སྤུན་ཟླའི་གནད་དོན་དང་འབྲེལ་བའི་ཐོག་ནས་གསར་འགྱུར་གང་ཡིན་ཡང་དབྱེ་ཞིབ་ངེས་པར་དུ་བྱེད་འོས།
སྤྱིར་བཙན་བྱོལ་བོད་པའི་ལས་འགུལ་དང་ངོ་རྒོལ་དྲིལ་བསྒྲགས་བཅས་ལ་བརྟེན་ནས་བོད་ནང་དུ་ཡོང་བཞིན་པའི་གནས་ཚུལ་ཁག་བཟློག་ཐབས་ཡོད་མེད་བཤད་དཀའ་བ་དང། དེ་ཡང་གནས་ཚུལ་དང་དཔེ་མཚོན་རེ་ཟུང་གི་ཐོག་ནས་ཁ་ཚོན་གཅོད་མི་རུང་བ་ཞིག་ཀྱང་རེད། འོན་ཀྱང་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ཕྱི་ལོ་༡༩༩༥ ལོར་རྒྱ་གཞུང་གིས་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ལས་འགུལ་རབས་དང་རིམ་པ་སྤེལ་ཡོད་ཀྱང། ད་ལྟའི་ཆར་ས་གནས་གང་དུ་ཡོད་མེད་དང་ཞལ་དངོས་སུ་བཞུགས་ཡོད་མེད་ཙམ་ཡང་ཤེས་རྟོགས་མི་ཐུབ་པའི་གནས་སུ་གྱུར་ཡོད། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་མ་ཉེས་ཁ་ཡོག་གིས་བཙོན་འཇུག་བྱས་པར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ལས་འགུལ་མ་སྤེལ་བ་གཅིག་ཀྱང་མེད་ནའང། ཁོང་བཙོན་ཁང་དུ་སྐུ་གཤེགས་དགོས་བྱུང་བ་རེད། དེར་བརྟེན་ངོ་ཚ་ཁྲེལ་གཞུང་བྲལ་བའི་རྒྱ་དམར་གཞུང་གི་བྱེད་སྟངས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བས་ཕན་འབྲས་ཆེན་པོ་ཐོན་ཡོད་ཅེས་བརྗོད་ཀྱང་ཁག་ཙམ་རེད།
སྤྱིར་ཁྲོམ་གཞུང་དུ་ཐོན་ནས་ངོ་རྒོལ་བྱས་པར་ཕན་འབྲས་གཏན་ནས་མེད་པའི་བསམ་ཚུལ་འཛིན་མཁན་ཡང་ཡོད་མོད། དོན་དུ་དེ་ལྟ་བུར་ངོས་འཛིན་བྱེད་དཀའ་བ་དང། ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་རྒྱལ་ཁབ་མགོ་རྟིང་སློག་ཐུབ་པའི་གནས་ཚུལ་ཡང་འཛམ་གླིང་གི་ཁྱོན་འདིར་ཧ་ཅང་མང་པོ་ཡོད། དེ་ཙམ་དུ་མ་ཟད་ས་ཆ་ཁུག་ཀྱོག་དང། གསར་འགོད་པ་མེད་སའི་ས་གནས་ཤིག་ནས་ངོ་རྒོལ་སྐད་འབོད་ཡིད་ཚིམས་པ་ཞིག་བྱས་ནའང། སྐད་འབོད་བྱེད་མཁན་དེ་དག་གི་སེམས་ནང་འཐབ་རྩོད་ཀྱི་བསམ་བློ་དང་ཚོར་བ་ངར་ཤུགས་བཅས་རྒྱུན་གནས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད། རྒྱལ་ཁབ་ཅིག་གི་རང་དབང་སླར་གསོ་བྱ་བར་ངེས་པར་དུ་དགོས་པ་ནི་མི་མང་གི་ཚོར་བ་དང་ལྡན་པའི་སེམས་ཤུགས་དེ་ཡིན་ལ། མི་མང་གི་བསམ་བློའི་ནང་འཐབ་རྩོད་ཀྱི་སེམས་ཤུགས་དང་ཚོར་བ་བརླགས་ཟིན་པའི་རྗེས་སུ་འགོ་ཁྲིད་ཁ་ཤས་ཀྱིས་གཏམ་བཤད་སྙན་པོ་དང། ཕྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ལ་རེ་བ་ག་ཚོད་བརྒྱབ་ཀྱང། དོན་དུ་བཅོས་མའི་གློག་བརྙན་ཞིག་དང་གཅིག་མཚུངས་ཡིན།
སྤྱི་ཚོགས་དང་གནས་དུས་ཁོར་ཡུག་བཅས་ལ་དཔག་པའི་ལས་འགུལ་ནི་འཐབ་རྩོད་ཀྱི་གསོན་ཤུགས་སུ་གྱུར་ཡོད་ཀྱང། ད་ལྟ་བོད་ཀྱི་གནས་བབས་ལ་བསམ་བློ་བཏང་ན་བོད་ས་སྟོད་སྨད་ཡོངས་རྫོགས་རྒྱ་དམར་གཞུང་གི་དྲག་གནོན་འོག་ཡོད་པ་དང། བཙན་བྱོལ་བོད་མི་དག་ཀྱང་འཛམ་གླིང་ཤར་ནུབ་གང་སར་ཁ་འཐོར་ནས་གནས་ཡོད་སྟབས་ཕྱོགས་གང་ཐད་ནས་རང་རང་སོ་སོའི་ལུང་པ་རུ་གནས་སྡོད་བྱས་ནས་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་དང་གཏན་ནས་མི་འདྲ། སྐབས་རེ་བོད་ནང་དུ་གནས་ཚུལ་ཞིག་ཡོང་ལ་ཉེ་ཡང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གཞུང་དང་ཚོགས་སྡེ་ཁག་ལ་དེ་བཀག་འགོག་ཐུབ་པའི་ནུས་པ་དང་ཁོར་ཡུག་ཡོད་མེད་ངེས་པར་དུ་བསམ་བློ་གཏོང་དགོས་པ་ལས། བོད་ཀྱི་ས་གནས་ཤིག་ཏུ་ཡོང་ལ་ཉེ་བའི་གནད་དོན་དེ་དང་འབྲེལ་བའི་ཐོག་ཕྱི་ཕྱོགས་ནས་ངོ་རྒོལ་སྐད་འབོད་དང་དྲིལ་བསྒྲགས་སོགས་ལ་བརྟེན་ནས་ཕན་ཐོགས་ཡོང་གི་ཡོད་དང། གནོན་སྐྱོན་འགྲོ་གི་ཡོད་དེའི་ཕྱོགས་ལ་སྐབས་དུས་སོ་སོར་བསམ་བློ་གཏོང་དགོས།
མདོར་ན་བོད་ནང་གི་གནས་སྟངས་དང་ཁོར་ཡུག་གང་ཐད་ནས་དཀའ་ངལ་ཞིག་འཕྲད་སྐབས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང། ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་ཁག་གི་ངོས་ནས་གནད་དོན་ཞིག་རོབ་ཙམ་གོ་བ་དང། གནས་ཚུལ་ཕྱོགས་ཙམ་ཤེས་པ་ལ་བརྟེན་ནས་ཁྱབ་བསྒྲགས་འདྲ་མིན་བྱེད་ཆེ་ན། རིག་གནས་དང་ཁོར་ཡུག་སྲུང་སྐྱོབ་ཁོ་ན་དང་འབྲེལ་བའི་གནས་ཚུལ་ཞིག་ཡིན་ཡང་། རྒྱ་དམར་དྲག་གཞུང་གིས་རིམ་པས་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཞིག་དང། རྒྱལ་ཁབ་ཁ་བྲལ་དང་འབྲེལ་བའི་གནད་དོན་ཞིག་གི་ངོ་བོར་བསྒྱུར་ནས་འབྲེལ་ཡོད་ཀྱི་དགོན་པའམ། སློབ་གྲྭ། ཚོགས་པ་སོགས་གང་ཡིན་ཡང་རྩ་གཏོར་གཏོང་བའི་རྒྱུ་རུ་འགྱུར་སྲིད་པའང་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་བརྟེན་ནས་གསལ་པོ་རྟོགས་ཐུབ་པ་ཞིག་རེད། དེར་བརྟེན་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་བྱེད་རྒྱུའི་འགན་ཁུར་ཕྲག་ཏུ་བབས་པའི་མི་རིགས་ཤིག་ལ་མཚོན་ན་དུས་ནམ་ཡང་གསར་འགོད་རང་དབང་ལ་ཁག་དཀྲི་བ་ལས་སྤྱི་ཚོགས་ཀྱི་འགན་ཁུར་དེ་གལ་ཆེ་བར་སྣང།།