བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་ཆེན།
ཟླ་འདིའི་ཚེས་༡༠ ནས་ཉིན་གསུམ་རིང་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་གྱི་གོ་སྒྲིག་འོག། སྲོལ་རྒྱུན་སྨན་བཅོས་ཀྱི་ཐོག་ནས་དམིགས་བསལ་ནད་ཀྱི་བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་ཆེན་དེ་ཝཱ་ཎ་མཐོ་སློབ་ཏུ་འཚོགས་ཡོད་པ་རེད།
ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་དང་། ༸གོང་ས་མཆོག་གི་སྐུའི་བླ་སྨན་ཚེ་དབང་རྟ་མགྲིན། དེ་བཞིན་རྒྱ་གར་གྱི་མངའ་སྡེ་ཁག་མི་འདྲ་བ་གསུམ་ནས་ཚེའི་རིག་བྱེད་དང་། ཡུ་ན་ནི། སིངྡྷ། ཧོ་མོ་པི་ཐཱི་བཅས་ཀྱི་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་དང་དབུ་འཛིན་བདུན། སྨན་དང་རྩིས་ཀྱི་རིག་སྡེ་འགན་འཛིན་གསོ་རིག་སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན་བཅས་ཕེབས་ཡོད་པ་རེད། ཚོགས་ཞུགས་པ་སྲོལ་རྒྱུན་གཞུང་ལུགས་ཀྱི་བརྟག་ཐབས་རྣམས་ལ་སློབ་གཉེར་བ་དང་ཕྱག་ལས་གནང་བཞིན་པ་རྣམས་དང་། མཐོ་སློབ་འདི་ནས་གསོ་བ་རིག་པ་དང་བོད་ཀྱི་རྩིས་རིག་སྡེ་ཚན་བཅས་ནས་དགེ་སློབ། དེ་བཞིན་གཙུག་ལག་སློབ་ཁང་གི་སློབ་གཉེར་བ་དང་དགེ་ལས་བཅས་༥༠༠ ལྷག་འདུས་ཡོད་པ་རེད།
ཚོགས་འདུའི་མཛད་སྒོ་ཐོག་གསོ་རིག་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་རྡོ་རྗེ་དགྲ་འདུལ་གྱིས་ཕེབས་བསུའི་གསུང་བཤད་དང་ཚོགས་ཆེན་གྱི་དམིགས་ཡུལ་སྐོར་གསུང་དོན། སྤྱིར་སྨན་གྱི་ལུགས་གང་འདྲ་ཞིག་ཡིན་རུང་འགྲོ་བའི་ཕན་བདེ་སྒྲུབ་ཐུབ་པའི་ནུས་པ་ཡོད་པ་མཚུངས་པ་མ་ཟད། ཁྱད་པར་འགྲོ་བ་མིའི་རིགས་ཀྱི་གཟུགས་གཞི་བདེ་ཐང་ལ་སྨན་པའི་བྱ་བ་སྒྲུབ་ཐུབ། དེ་ལྟ་བུའི་རིག་པའི་གཞུང་ལུགས་ཀྱིས་ཕྱུག་པའི་སྨན་ལུགས་རྣམས་ཀྱི་ལྟ་གྲུབ་ལག་ལེན་རྣམས་སྲུང་སྤེལ་སྐྱོང་བ་དང་། རིང་ལུགས་མི་འདྲ་བ་རྣམས་ཕན་ཚུན་བགྲོ་གླེང་དང་ངོ་ཐུག་གིས་ཉམས་མྱོང་སྤེལ་རེས་གནང་རྒྱུ་གལ་ཆེན་ཡིན་པར་བརྟེན་འདི་གའི་གསོ་རིག་སྡེ་ཚན་ནས་ད་རེས་བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་འདུ་བསྐོང་པ་ཡིན་ཞེས་དང་། མ་འོངས་པ་ཡིན་ན་ཡང་འདི་ལྟ་བུ་ཚོགས་ཆེན་དང་རིང་ལུགས་མི་འདྲ་བའི་ཆེད་མཁས་མི་སྣ་ཁག་གདན་འདྲེན་ཞུ་འཆར་ཡོད་པའི་སྐོར་སོགས་གསུངས།
དེ་རྗེས་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྨན་རྩིས་རིག་སྡེ་འགན་འཛིན་སློབ་དཔོན་ཆེན་མོ་རག་རྡོ་བློ་བཟང་བསྟན་འཛིན་གྱིས་ཚོགས་འདུའི་ལུས་རྣམ་གཞག་གི་གསུང་བཤད་གནང་། དེ་ཡང་ཁོང་གིས་རྒྱལ་གར་འཕགས་པའི་ཡུལ་ནི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། ཆེས་སྔ་མོ་ནས་ཆོས་དང་རིག་གཞུང་སོགས་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཡོད་པ་མ་ཟད། དེང་གི་དུས་སུའང་བོད་ཀྱི་ཆོས་དང་རིག་གཞུང་འཚོ་འཆིའི་འགག་རྩའི་དུས་རབས་འཕོ་འགྱུར་གྱི་གཉན་འཕྲང་རིང་པོའི་ཁྲོད་དུ་བོད་མི་རིགས་རིག་གཞུང་དང་བཅས་པར་སྲོག་གི་ཆད་མཐུད་བྱེད་པོ་བཀའ་དྲིན་འཁོར་མཐའ་བྲལ་བའི་བྱམས་བརྩེའི་དྲོ་སྐྱིད་ཅན་གྱི་ཕ་ཡུལ་གཉིས་པ་ཞིག་རེད་ཅེས་དང་། ཡང་ཁོང་གིས་བོད་ཀྱི་གསོ་རིག་གི་སྐོར་ལ་གསུང་དོན། དེས་ན་བོད་ཀྱི་གསོ་བ་རིག་པ་ནི་འཛམ་གླིང་འདིར་འཚོ་གནས་ཡོད་པའི་མནའ་རབས་སྲོལ་རྒྱུན་གྱི་སྨན་བཅོས་རིག་པ་ཆེན་པོ་བཞིར་གྲགས་པའི་ཡ་གྱལ་ཡིན་ཅིང་། དེ་ལྟར་ཆེས་སྔ་བའི་དུས་རབས་ནས་མགོ་ཚུགས་ནས་ད་ལྟའི་བར་ལག་ལེན་དང་བརྒྱུད་རིམ་ཟམ་མ་ཆད་པ་མ་ཟད། དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པར་རིག་པའི་གཞུང་ལུགས་དང་ལག་ལེན་རྣམས་ཡར་རྒྱས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། དུས་རབས་ཉེར་གཅིག་པ་ཚན་རིག་འཕྲུལ་ཐབས་ཀྱི་དུས་རབས་འདིར་ཡང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མའི་གཙུག་ལག་སློབ་གཉེར་ཁང་དང་། ཉམས་ཞིབ་ཀྱི་སྡེ་ཚན་དུ་མར་ཉམས་ཞིབ་དང་སློབ་གཉེར་བྱེད་བཞིན་པ་མ་ཟད། རྒྱ་གར་དང་། རྒྱ་ནག བལ་པོ། འབྲུག སོག་པོ་སོགས་རྒྱལ་ཁབ་དུ་མའི་ཁྲིམས་ཐོག་ནས་ངོས་ལེན་ཐོབ་པ་དང་། གོང་སྨོས་རྒྱལ་ཁབ་རྣམས་ཀྱི་མི་དམངས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་དོན་ངོ་མའི་ཕན་ཐོགས་ཅན་གྱི་རིག་པའི་གཞུང་ལུགས་དང་ལག་ལེན་གྱི་ཆ་ཤས་ཡོངས་སུ་རྫོགས་པའི་གསོ་ཐབས་ཀྱི་རིག་པ་གལ་ཆེན་ཞིག་ཡིན་པའི་སྐོར་དང་། དེ་བཞིན་རྒྱ་གར་གྱི་སྲོན་རྒྱུན་ཚེའི་རིག་བྱེད་དང་། ཡུ་ནཱ་ནི། སིངྡྷ། ཧོ་མེའོ་པི་ཐིག་བཅས་ཀྱི་བརྟག་ཐབས་དང་ནད་ངོས་འཛིན་བྱེད་སྟངས་སོགས་ཀྱི་སྐོར་གསུངས་ཡོད་པ་རེད།
དེ་རྗེས་གདན་ཞུ་མཁས་དབང་རྣམས་ཀྱིས་སོ་སོའི་བརྗོད་གཞི་ཐོག་སྐར་མ་བཅུའི་རིང་གསུང་བཤད་གནང་བ་དང་། རྒྱ་གར་མཁས་དབང་རྣམས་ཀྱིས། ད་རེས་བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་ཆེན་འདི་ནི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་སྐོར་གསུངས་སོང་། ཡིན་ན་ཡང་བོད་ཀྱི་མཁས་པ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ལྟར་ན་འདི་འདྲ་བའི་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུ་ཞིག་བོད་བཙན་པོའི་དུས་རབས་བདུན་པ་དང་བརྒྱད་པ་ནང་བྱུང་ཡོད་ཅིང་། བོད་ཀྱི་བཙན་པོས། ལུགས་ཆེན་གསུམ་པོའི་ཚུལ་དག་(རྒྱ་གར། རྒྱ་ནག། གྷི་རིག་སེའི་)མ་རྟོགས་ན། །སྨན་པ་མཁས་པའི་གྲལ་དུ་མི་ཚུད་དེ། །བར་སྣང་མཁའ་ལ་མཐོ་ཡིས་སྙབ་པ་བཞིན། །ཞེས་བོད་ཀྱི་སྨན་པ་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་ལག་ལེན་དང་རིག་པའི་གཞུང་ལུགས་ཙམ་ཤེས་པས་མི་ཕན་པར་དེའི་སྟེང་དུ་ལུགས་ཆེན་གསུམ་ཤེས་དགོས་ཤིང་། དེ་དག་མ་ཤེས་ན་ཚད་ལྡན་སྨན་པའི་གྲལ་དུ་མི་ཚུད་ཅིང་ཁྲིམས་མཐུན་གྱི་སྨན་པ་མིན་པར་བཅས་པ་མཛད་པའི་སྲོལ་རྒྱུན་གྱི་རྒྱུན་སྐྱོང་བ་ཞིག་ཀྱང་ཡོད་པའི་སྐོར་གསུངས་སོང་།
དེ་རྗེས་སྐུ་མགྲོན་གཙོ་བོ་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་གྱིས་བརྟག་ཐབས་ནི་མིའི་འཚོ་གནས་ནང་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། ཤེས་བྱ་རིག་གནས་གང་ལའང་ཐོག་མར་བརྟག་ཐབས་གལ་གནད་ཆེན་པོ་ཆགས་ཡོད། གནས་ཚུལ་དང་དཀའ་ངལ་ཅི་འདྲ་ཞིག་ཡིན་རུང་། དང་པོ་དེ་ངོས་འཛིན་ཐུབ་པ་བྱེད་དགོས་པ་རེད། གང་ཡིན་པ་དེ་ཉིད་ངོས་འཛིན་པ་བརྒྱུད་དེ་དང་འབྲེལ་ཡོད་ལ་གདོང་ལེན་བྱེད་ནུས་པ་ཡིན། དཀའ་ངལ་ལྟ་བུ་ཡིན་ན་དེ་ཉིད་ལས་གྲོལ་ཐུབ་ཅེས་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་གནས་འདིར་ཆོས་ཀྱི་འཁོར་ལོ་བསྐོར་མཛད་ཅིང་། ཐོག་མ་ཉིད་དུ་སངས་རྒྱས་ཀྱིས་སྡུག་བསྔལ་བདེན་པ་ཞེས་པ་ནས་འགོ་བཙུགས་མཛད། དེ་ཡང་སྡུག་བསྔལ་ངོས་འཛིན་མཛད་པ་རེད། སྡུག་བསྔལ་ངོས་བཟུང་པའི་ཐོག་ནས་དེ་ལ་གང་ལས་བྱུང་བའི་ཀུན་འབྱུང་བསྟན། དེ་ལས་གྲོལ་བའི་ལམ་དང་། གྲོལ་བ་ལས་འགོག་བདེན་ཞེས་བདེན་བཞི་རྣམ་གཞག་གསུངས། རྣམ་གཞག་འདི་ཉིད་གང་ལའང་ཡང་སྦྱར་དུ་ཡོད་པའི་བརྟག་ཐབས་མན་ངག་ཅིག་རེད་ཅེས་དང་། ཡང་མུ་མཐུད་གསུང་དོན། བོད་ལ་སྔར་ཆོས་རྒྱལ་བཙན་པོའི་དུས་ནས་གསོ་བ་རིག་པའི་ཤེས་བྱ་རིག་གནས་གཞན་ལས་བླངས་མཛད་ཅིང་། འཕེལ་རྒྱས་བཏང་བའི་གནས་ཚུལ་ནི་བྱུང་རབས་ནང་མིག་དཔེར་འོས་བ་བཞིན། དེང་གི་དུས་སུའང་གསོ་རིག་གཞུང་ལུགས་དང་ལག་ལེན་སྲོལ་སོ་སོའི་ཐུན་མིན་ཁྱད་ཆོས་རྒྱུན་འཛིན་དང་དར་འཕེལ་གཏོང་ཕྱོགས་འཐད། སྲོལ་རྒྱུན་གཞན་དང་འབྲེལ་བ་བྱས་ནས་ཕན་ཚུན་དབར་བརྗེ་ལེན་སློབ་སྦྱོང་བྱེད་རྒྱུ་གནད་འགག་ཆེ། བརྟག་ཐབས་རིག་པ་གོལ་བར་བརྟེན་ནས་ནད་བཅོས་ལེགས་གྲུབ་མ་བྱུང་བའི་གནས་ཚུལ་དང་། བརྟག་ཐབས་རིག་པ་ཐུན་མིན་ཐོག་ནས་ནད་བཅོས་ཐུབ་གནས་ཚུལ་ཡོང་གི་ཡོད་སྟབས། བརྟག་ཐབས་ནི་ཤིན་ཏུ་གལ་གནད་ཆེ་བའི་གནས་ཤིག་རེད། ཉིན་གསུམ་རིང་སྲོལ་ལུགས་སོ་སོའི་ཐུན་མིན་ཁྱད་ཆོས་སྐོར་བགྲོ་གླེང་དང་ཕན་ཚུན་རྒྱུས་ལེན་ཡོང་བ་བྱེད་པ་བརྒྱུད་མ་འོངས་པའང་ཚོགས་འདུ་འཚོགས་རྒྱུ་གལ་ཆེ་ཡིན་སྐོར་གསུངས་སོང་།
ད་རེས་བརྟག་ཐབས་རིགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་བརྗོད་གཞི་མི་འདྲ་བ་བཅུའི་ཐོག་མཁས་དབང་གཏམ་བཤད་གནང་ཡོད་པ་རེད།།
བཅོ་ལྔ་ཚེ་རིང་གིས་ས་གནས་ནས་མཁོ་གཏོང་བྱས།