བརྩམས་སྒྲུང་གྲགས་ཅན་བུ་ཆུང་ཕེ་ནོ་ཁོའི་གཏམ་རྒྱུད་བོད་བསྒྱུར་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཚེས་༢༩ དགོང་མོ་དྷ་ས་གངས་སྐྱིད་ཉེ་འཁྲིས་ཀྱི་ཕི་ལོ་ཇ་ཁང་ནང་བུ་ཆུང་ཕེ་ནོ་ཁོའི་གཏམ་རྒྱུད་བོད་བསྒྱུར་དཔེ་དེབ་དབུ་འབྱེད་མཛད་སྒོ་ཞིག་འཚོགས་པ་དང་། བསྒྱུར་རྩོམ་གྱི་གལ་གནད་དང་དགོས་མཁོའི་སྐོར་ལ་གཏམ་བཤད་དང་བགྲོ་གླེང་བྱས་སོང་།

སྙན་གྲགས་ཤིན་ཏུ་ཆེ་བའི་བྱིས་སྒྲུང་འདི་ཨེ་ཊ་ལིའི་རྩོམ་པ་པོ་ཁར་­-ཁོ་ལོ་ཌི་ཡིས་བརྩམས་ཤིང་། སེམས་པ་བཟང་ཡང་སྤྲ་ཚག་ཆེ་བའི་ཤིང་གི་ཨ་ལད་པད་ཀོ་ཕེ་ནོ་ཁོ་ཞེས་པ་ཞིག་ཇི་ལྟར་དཀའ་སྡུག་གྲངས་མེད་བརྒྱུད་དེ་མཐར་དངོས་སུ་བྱིས་པ་ཞིག་ཏུ་གྱུར་བའི་གཏམ་རྒྱུད་ཅིག་ཡིན་པ་དང་། འཛམ་གླིང་གི་སྐད་ཡིག་མི་འདྲ་བ་༣༠༠ ལྷག་ནང་བསྒྱུར་ཟིན་པའི་འཛམ་གླིང་གི་ཆོས་ལུགས་དང་མ་འབྲེལ་བའི་བརྩམས་ཆོས་འགྱུར་གྲངས་ཆེས་མང་ཤོས་དེ་ཆགས་ཀྱི་ཡོད་པ་རེད། ༡༩༤༠ ལོ་ནས་དེབ་འདིའི་པར་སྐྲུན་བདག་དབང་མི་མང་ལ་དབང་བར་གྱུར་ནས་དཔེ་སྐྲུན་ཁང་སྣ་ཚོགས་ཀྱིས་པར་སྐྲུན་བྱས་ཡོད་པ་རེད།

དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་དེབ་དེ་སྒྱུར་མཁན་རང་ཐར་དཀོན་མཆོག་རབ་བརྟན་གྱིས་དཔེ་དེབ་དེ་བསྒྱུར་བའི་བརྒྱུད་རིམ་དང་། དགོས་མཁོའི་སྐོར་ངོ་སྤྲོད་གནང་བ་དང་། རྩོམ་པ་པོ་སྐལ་བཟང་སྒྲོལ་མས་བསྒྱུར་དེབ་དེ་དག་བཅོས་བྱས་སྐོར་དང་བསྒྱུར་གྱི་གལ་གནད་སྐོར་ལ་གཏམ་བཤད་གནང་སོང་། རྩོམ་པ་པོ་བུ་ཆུང་བསོད་ནམས་ཀྱིས་ཡིག་བསྒྱུར་སྐོར་ལ་གཏམ་བཤད་གནང་སྐབས། བོད་མི་བཙན་བྱོལ་བ་ཆགས་རྗེས་ཡུལ་དུས་གནས་བབས་ཀྱི་རྐྱེན་གྱིས་བཙན་བྱོལ་བོད་མི་ཚང་མ་སྐད་སྒྱུར་བ་ལྟ་བུ་ཆགས་ཡོད་ནའང་། བོད་ཀྱི་དུས་རབ་བདུན་པ་བརྒྱད་པའི་ནང་བོད་ཀྱི་ལོ་ཙཱ་བ་ཚོས་དཀའ་ལས་བརྒྱབ་ནས་བཀའ་བསྟན་གྱིས་མཚོན་ཕྱིའི་རིག་གནས་ཧ་ཅང་མང་པོ་བོད་བསྒྱུར་བྱས་ཏེ། བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་བྱུང་སྐོར་དང་། བོད་མི་བཙན་བྱོལ་བ་ཆགས་རྗེས་བོད་ཀྱི་རིག་གནས་ཚང་མ་ཕྱི་སྐད་ནང་བསྒྱུར་བ་ལས། ཕྱིའི་རིག་གནས་བོད་ཡིག་ནང་བསྒྱུར་བ་ཧ་ཅང་ཉུང་ཉུང་ཆགས་ཡོད་པས། ཚང་མས་དོ་སྣང་དགོས་སྐོར་གྱི་གཏམ་བཤད་གནང་སོང་། མཇུག་ཏུ་བོད་ཀྱི་སྐད་ཡིག་གི་གནས་བབས་དང་གལ་གནད་སྐོར་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་བྱས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།