བརྩེ་དུང་གི་གཏམ་རྒྱུད་དང་རྒྱ་ནག་དང་ཐའེ་ཝན་གཉིས་བར་གྱི་འབྲེལ་ལམ།

བདུན་འདིའི་རེས་གཟའ་སྤེན་པའི་ཉིན་ཐའེ་ཝན་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཡིན་པར་བརྟེན། ཐེངས་འདིའི་འོས་བསྡུ་ཡིས་མ་འོངས་པའི་ཐའེ་ཝན་གྱི་བདེ་འཇགས་དང་གནས་བབ་ལ་ཐག་གཅོད་ཆེན་པོ་ཞིག་བྱེད་རྒྱུ་ཡིན་པས། ད་ཆར་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག་ལ། རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་མི་མང་ཁྲོད་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༡༡ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་(Changsha) ཁྲང་ཧྲའ་གྲོང་ཁྱེར་ནས་ཡིན་པའི་བུད་མེད་རང་ལོ་༢༤ ཡིན་པའི་(Shanshan)ཧྲན་ཧྲན་ཟེར་བ་དེ་དང་། ཐའེ་ཝན་ནས་ཡིན་པའི་བུ་(Guodong)ཀོའོ་ཏུང་ཟེར་བ་གཉིས་དྲ་ཐོག་ཏུ་གློག་རྡུལ་རྩེད་མོ་རྩེ་ས་ནས་ཐུག་ཅིང་ཕྱིས་སུ་ཁོང་གཉིས་བར་ཕན་ཚུན་བརྩེ་དུང་ཟབ་མོ་ཆགས་ཡོད་འདུག བུད་མེད་དེ་དུས་རྒྱུན་ཐའེ་ཝན་གྱི་གནད་དོན་སྐོར་དེ་ཙམ་དོ་སྣང་མེད་ཚུལ་བརྗོད་འདུག་ལ། ཐའེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པས་ནམ་ཞིག་རྒྱ་ནག་གི་མངའ་ཁོངས་སུ་ལོག་དགོས་པ་ཡིད་ཆེད་བྱེད་ཀྱི་ཡོད་པར་ཁོང་མོས་བརྗོད་ཡོད་འདུག འོན་ཀྱང་། ད་ཆར་ཁོང་མོ་ཐའེ་ཝན་གྱི་བུ་ཞིག་ཐུག་པ་ནས་བཟུང་ཐའེ་ཝན་གནད་དོན་ལ་དོ་སྣང་ཆེན་པོ་སླེབས་ཡོད་འདུག་ལ། ཁོང་གཉིས་འདི་ལོའི་རྒྱ་ནག་གི་ལོ་གསར་སྐབས་སུ་སོ་སོའི་ཕ་མ་རྣམས་ཐུག་འཕྲད་བྱེད་འཆར་བྱས་ཡོད་ཀྱང་། བདུན་འདིའི་རེས་གཟའ་སྤེན་པའི་ཉིན་ཐའེ་ཝན་གྱི་འོས་བསྡུ་ཡིན་པར་བརྟེན། ཞིན་ཅིང་ཕེང་གིས་ནན་བརྗོད་བྱས་པ་ཞིག་ལ་ཐེངས་འདིའི་ཐའེ་ཝན་གྱི་འོས་བསྡུ་ཡིས་དམག་འཁྲུག་དང་ཞི་བདེ་གཉིས་བར་གདམ་ཁ་ཆེན་པོ་བྱེད་རྒྱུ་ཡིན་པ་དང་། ཐའེ་ཝན་གླིང་ཕྲན་དེ་རྒྱ་ནག་གི་མངའ་ཁོངས་སུ་ག་དུས་གང་འདྲ་བྱས་ནས་གཞུག་རྒྱུ་ཡིན་མིན་ཐད་རྒྱ་ནག་ཁོ་ན་ལས། གཞན་སུ་ལ་ཡང་ཐག་གཅོད་བྱེད་དབང་མེད་པར་བརྗོད་པའི་རྐྱེན་གྱིས་ཁོང་གཉིས་ཧ་ཅང་སེམས་ཁྲལ་བྱེད་ཀྱི་ཡོད་པར་བརྟེན། ཁོང་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་ཀྱིས་ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོའི་ནང་ཡོད་པའི་རྒྱ་ནག་མི་མང་བར་འབྲེལ་ལམ་མཚོན་གྱི་ཡོད་པ་དྲ་ཐོག་ཏུ་ཁྱབ་བསྒྲགས་ཆེན་པོ་ཕྱིན་ཡོད་འདུག
ཁོང་གཉིས་བར་ཕན་ཚུན་བསམ་ཚུལ་མི་མཐུན་པ་ཡོད་འདུག་ཀྱང་། བུད་མེད་དེས་བརྗོད་དོན་ལ་ངའི་དགའ་རོགས་ལ་མཚོན་ན་ཐའེ་ཝན་གླིང་ཕྲན་དེ་རང་བཙན་བྱེད་འདོད་ཡོད་པ་མ་རེད་ལ། རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་ཡང་གཏོང་འདོད་ཡོད་མ་རེད། ང་ལ་མཚོན་ན་རྒྱ་ནག་དང་ལྷན་དུ་ཐའེ་ཝན་ཟླ་སྒྲིལ་གཏོང་རྒྱུར་མོས་མཐུན་བྱེད་ཀྱི་ཡོད། འོན་ཀྱང་། ངེད་གཉིས་ཕན་ཚུན་བསམ་ཚུལ་མི་མཐུན་ཡང་བགྲོ་གླེང་བྱེད་རྒྱུ་ལས་ཁ་རྩོད་རྒྱག་གི་མེད་ལ། ངེད་གཉིས་སོ་སོའི་བསམ་ཚུལ་མི་མཐུན་པ་ལ་བརྟེན་ནས་ངེད་གཉིས་མ་འཆམ་པ་ཡོང་གི་མ་རེད་ཅེས་བརྗོད་ཡོད་འདུག འོན་ཀྱང། ཐའེ་ཝན་དང་རྒྱ་ནག་བར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག ཕྱི་ལོ་༢༩༡༩ ནས་རྒྱ་ནག་གཞུང་གིས་ཐའེ་ཝན་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཁྱམ་བཀག་སྡོམ་བྱས་པའི་རྐྱེན་གྱིས་ཁོང་མོ་ད་བར་ཐའེ་ཝན་གྱི་བུ་དེ་ཐུག་ཐུབ་ཡོད་མི་འདུག ཁོང་གཉིས་བར་མཐུན་པའི་ཆ་མང་པོ་ཞིག་ཡོད་པ་ནི་སྐད་ཡིག་གཅིག་པ་དང་། མི་རིགས་གཅིག་པ། རིག་གཞུང་གཅིག་པ་ཡིན་འདུག་ཀྱང་། ཐའེ་ཝན་གྱི་བུ་དེ་རྒྱ་ནག་ལ་ཕྱིན་ན་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཁྱམ་བ་ལྟར་དཀའ་ངལ་མང་པོ་འཕྲད་རྒྱུ་ཡིན་པར་བརྗོད་འདུག དཔེར་ན། རྒྱ་ནག་ནང་འགྲོ་བྱེད་ཀྱི་ཡིག་ཆ་ཁག་དང་། དངུལ་ཁང་གི་ཡིག་ཆ། མགྲོན་ཁང་མངགས་གཏོང་བྱེད་དུས་ཀྱི་དཔང་ཡིག གཉེན་སྒྲིག་གི་ཡིག་ཆ་བཟོ་བྱེད་སོགས་ཀྱི་དཀའ་ངལ་མང་པོ་ཞིག་ཡོད་པར་བརྗོད་འདུག དེ་བཞིན་ཁོང་དང་འདྲ་བའི་རྒྱ་ནག་གི་མཚོ་མཐའི་ཉ་པ་དང་། མཚོ་ཟས་འཚོང་མཁན་གྱི་མི་མང་དག་གིས་ཀྱང་ང་ཚོའི་ངོས་ནས་ཐའེ་ཝན་དང་རྒྱ་ནག་གཉིས་བར་ཞི་བདེ་ཡོང་རྒྱུ་ལ་རེ་བ་བྱེད་བཞིན་ཡོད་པ་ལས་དམག་འཁྲུག་ལ་ནམ་ཡང་རེ་བ་རྒྱག་གི་མེད། གཞུང་གི་འགོ་ཁྲིད་ཚོས་གང་རེད་བསམ་གྱི་ཡོད་མིན་ང་ཚོས་མི་ཤེས་ལ། ཇུས་གཏོགས་ཀྱང་ཡོད་མ་རེད། ང་ཚོ་ལ་དགོས་པ་ནི་འཚོ་བ་ཡག་པོ་ཞིག་དང་མི་ཚེ་སྐྱིད་པོ་ཞིག་ལས་གང་ཡང་མི་དགོས་ཞེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།