བལ་གཞུང་གིས་བལ་བོད་ས་མཚམས་ནས་བོད་མི་༢ དང་རྒྱ་མི་༡ བཀག་ཉར།

བལ་བོད་ས་མཚམས་ནས་འཇུ་བཟུང་བྱས་པའི་བོད་མི་གཉིས་དེ་ད་ལྟའི་ཆར་བཀག་ཉར་འོག་ལྷག་ཡོད་ཀྱང་། རྒྱ་མི་དེ་རྒྱ་ནག་གཞུང་ཚབ་ཁང་གིས་བཏོན་ཏེ་ཁྲིད་ཟིན་འདུག

ཟླ་འདིའི་ཕྱི་ཚེས་༢༠ ཉིན་འདི་གའི་གསར་འགོད་པས་བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་བཟང་པོ་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༧ ཉིན་བོད་པ་སྐྱབས་བཅོལ་བ་གཉིས་དང་རྒྱ་མི་གཅིག་བཅས་བལ་བོད་ས་མཚམས་འགྲམ་ནས་བོད་ནང་འགྲོ་དུས་བལ་ཡུལ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག་ཅིང་། བོད་པ་གཉིས་དེར་བོད་ནང་འགྲོ་བསྐྱོད་ཆོག་པའི་ཁྲིམས་མཐུན་གྱི་ལག་ཁྱེར་གང་ཡང་མེད་པ་དང་། རྒྱ་མི་དེའི་བལ་ཡུལ་ནང་སྡོད་ཆོག་པའི་མཐོང་མཆན་གྱི་དུས་ཡུན་རྫོགས་ཟིན་ཡོད་འདུག

དེ་ཡང་བོད་པ་གཉིས་ལ་ཀུན་དགའ་དང་ལོ་པན་ཀུ་(Lophankhu) ཞེས་བརྗོད་ཀྱི་ཡོད་འདུག་ཅིང་། ཀུན་དགའ་རང་ལོ་༢༥ དང་། ལོ་པན་ཀུ་རང་ལོ་༣༧ ཡིན་འདུག ཁོང་གཉིས་ཀ་ལྷ་ས་ནས་ཡིན་སྐོར་བརྗོད་འདུག་ལ། བལ་ཡུལ་དམག་མིས་ཁོང་གཉིས་འཇུ་བཟུང་བྱེད་སྐབས་ཁོང་གཉིས་ལ་རྒྱལ་ཁབ་ཕན་ཚུན་བར་འགྲོ་བསྐྱོད་ཆོག་པའི་ཁྲིམས་མཐུན་གྱི་ཡིག་ཆ་གང་ཡང་མེད་ཁར། འཛིན་བཟུང་བྱེད་སྐབས་སུ་ཁོང་གཉིས་ཀྱིས་རང་ཉིད་སྐྱབས་བཅོལ་བོད་མི་ཡིན་པ་ངོས་འཛིན་ཐོག་ཨ་རུ་ན་ཅལ་གྱི་སློབ་གྲྭ་ཞིག་གི་སློབ་མ་ཡིན་པའི་ལག་འཁྱེར་བསྟན་ཡོད་སྐོར་གྱི་གནས་ཚུལ་བལ་ཡུལ་གྱི་གསར་ཁང་ཧི་མ་ལ་ཡ་ཞེས་པས་སྤེལ་འདུག

འདི་གའི་གསར་འགོད་པས་བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་བཟང་པོར་གནས་འདྲི་བྱེད་སྐབས་ཁོང་གིས། བོད་མི་གཉིས་དེ་དེ་སྔོན་སུ་ཇཱ་སློབ་གྲྭར་སོང་ནས་ལོ་གཉིས་ཡས་མས་ལ་སློབ་སྦྱོང་བྱས་ཡིན་ཟེར་གྱི་འདུག དེ་རིང་བལ་ཡུལ་གནས་སྤོ་ལས་ཁང་གིས་རྒྱ་མིའི་གཞུང་ཚབ་ཁང་དང་ཐུག་འཕྲད་ཀྱིས་གནད་དོན་དེའི་སྐོར་གྲོས་བསྡུར་བྱས་སོང་། སྐབས་དེར་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་མི་དེར་ཐུག་འཕྲད་བྱས་ནས་སྐད་ཆ་བཤད་རྗེས་བཀག་ཉར་ཁང་ནས་བཏོན་ཏེ་ཁྲིད་སོང་ཡང་། བོད་ནང་འགྲོ་ཐབས་འཐེན་མཁན་གྱི་བོད་པ་གཉིས་དང་ཐུག་འཕྲད་བྱེད་རྒྱུ་མིན་སྐོར་བརྗོད་ཡོད་འདུག ཅེས་བརྗོད་བྱུང་།

བཟང་པོར་བོད་མི་གཉིས་ཀྱི་གནས་སྟངས་ཅི་ཞིག་ཆགས་རྒྱུ་ཡིན་མིན་སོགས་ཀྱི་སྐོར་དྲིས་པར། བོད་པ་མི་གཅིག་ལ་རྒྱ་གར་གྱི་ལག་འཁྱེར་ཨ་དྷར་(Aadhar Card) དང་གཞན་དེར་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཡོད་ཟེར་གྱི་འདུག ཡིག་ཆ་དེ་གཉིས་བལ་ཡུལ་གཞུང་ལ་བསྟན་ན་ཉིན་གསུམ་བཞིའི་ནང་གློད་ནས་རྒྱ་གར་ལ་གཏོང་གི་རེད། ད་ལྟ་རྒྱ་གར་གྱི་ལག་འཁྱེར་ཨ་དྷར་(Aadhar card)མི་གཞན་ཞིག་ལ་བཅོལ་ཡོད་ཟེར། ང་ལེན་དུ་འགྲོ་བསྡད་ཡོད། དེ་རག་རྗེས་བལ་གཞུང་ལ་སྤྲད་ན་རྒྱ་གར་ནང་གཏོང་གི་རེད་ཅེས་བརྗོད་བྱུང་།

ཡང་ཁོང་གིས་བོད་མི་གཉིས་དང་རྒྱ་མི་དེའི་བར་འབྲེལ་བ་བྱུང་སྟངས་ཀྱི་སྐོར། བོད་མི་གཉིས་དེ་དང་ད་ལྟ་རང་ལོ་༢༠ ལ་སོན་པའི་རྒྱ་མི་ཝེན་བྷོ་(Wanbo)ཟེར་བ་དེ་ལོ་གཅིག་ཙམ་གྱི་གོང་ནས་ངོ་ཤེས་པ་ཆགས་རྗེས། རྒྱ་མི་དེས་བོད་མི་གཉིས་དེ་བོད་ནང་ཁྲིད་རྒྱུ་བྱས་ནས་བལ་བོད་ས་མཚམས་འགྲམ་བརྒྱུད་བསྐྱོད་ཡོད་འདུག འོན་ཀྱང་། རྒྱ་མི་ཁོ་རང་བལ་ཡུལ་ནང་སྡོད་ཆོག་པའི་མཐོང་མཆན་གྱི་དུས་ཡུན་རྫོགས་ཟིན་པ་ཞིག་ཡིན་འདུག ཅེས་བརྗོད་བྱུང་། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།