བལ་བོད་ལྕགས་ལམ་ལས་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ་རེད་འདུག
རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་གི་མགྲོན་འབོད་བཞིན། བལ་ཡུལ་གྱི་སྲིད་བློན་ཨོ་ལི་རྒྱ་ནག་ཏུ་བསྐྱོད་ནས། བལ་བོད་གཉིས་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ་རེད་འདུག
ཟླ་འདིའི་ཕྱི་ཚེས་༡༨ ཉིན་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་གིས་མགྲོན་བརྡ་བཏང་བ་བཞིན། ཟླ་འདིའི་ཕྱི་ཚེས་༡༩ ནས་༢༤ བར་ཉིན་ལྔའི་རིང་བལ་ཡུལ་གྱི་སྲིད་བློན་ཀཱི་པི་ཤར་མ་ཨོ་ལི་རྒྱ་ནག་ཏུ་འགྲོ་རྒྱུ་གཏན་ཁེལ་ཡོད་པ་དང་། ཐེངས་འདིའི་ཕྱོགས་བསྐྱོད་སྐབས་བོད་སྐྱིད་རོང་ས་ཁུལ་དང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཊུ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་དང་། རྒྱ་བལ་གཉིས་མཉམ་འབྲེལ་ཐོག་གློག་གི་ལས་གཞི་སྤེལ་རྒྱུ་གཉིས་ཀྱིས་མཚོན་པའི་གྲོས་མཐུན་མང་པོ་ཞིག་ལ་མིང་རྟགས་འགོད་འཆར་ཡོད་འདུག
ད་ཐེངས་བལ་ཡུལ་གྱི་སྲིད་བློན་ཨོ་ལི་རྒྱ་ནག་ཏུ་འགྲོ་བ་འདི་ནི། ཁོ་རང་འདི་ལོའི་ཕྱི་ཟླ་༢ པའི་ནང་བསྐྱར་དུ་སྲིད་བློན་ལ་བདམས་ཐོན་བྱུང་རྗེས་སུ་རྒྱ་ནག་ནང་འགྲོ་བ་ཐེངས་དང་པོ་ཡིན་པ་དང་། ཁོང་བལ་ཡུལ་གྱི་སྲིད་བློན་དུ་སྐབས་གཉིས་པར་བདམས་ཐོན་བྱུང་རྗེས་ཕྱི་རྒྱལ་ཁག་ནས་ཆེས་ཐོག་མའི་ཕྱོགས་བསྐྱོད་དེ་རྒྱ་གར་ལ་བྱས་ཡོད་པ་རེད།
བལ་ཡུལ་དམར་ཤོག་ཚོགས་པའི་ཚོགས་མི་དང་རྒྱུན་ལས་གྷ་ནེ་ཤཱི་ཤས། ད་ཐེངས་ཀྱི་དཔོན་རིགས་ཐུག་འཕྲད་འདིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་དམ་དུ་གཏོང་བའི་ཐོག མཉམ་འབྲེལ་གྱི་ནུས་པ་གོང་འཕེལ་གཏོང་རྒྱུ་ཡིན་སྐོར་དང་། ཕྱོགས་གཉིས་བར་གྱི་གྲོས་མཐུན་བཅུ་ལ་ཉེ་བར་མིང་རྟགས་འགོད་ངེས་ཡིན་སྐོར་བརྗོད་ཡོད་འདུག
བལ་ཡུལ་གྱི་སྲིད་བློན་ཨོ་ལི་ཡིས་ཕྱི་ལོ་༢༠༡༦ ལོར་རྒྱ་ནག་དང་ལྷན་དུ་ཚོང་ལས་ཆིངས་ཡིག་ཅིག་བཞག་སྟེ། ཕྱོགས་གཉིས་ཀྱི་འབྲེལ་ལམ་རྒྱ་ཆེ་རུ་བཏང་བའི་ཐོག་ནས། རྒྱ་གར་ལ་རྒྱབ་རྟེན་རྒྱུ་ཉུང་དུ་གཏོང་ཐབས་བྱས་ཡོད་པ་དང་། རྒྱ་ནག་གི་ངོས་ནས་ཀྱང་བལ་ཡུལ་ནང་ས་ཡོམ་གོད་ཆག་བྱུང་རྗེས་སུ་འཛུགས་སྐྲུན་བསྐྱར་གསོ་བྱེད་པར་རོགས་སྐྱོར་རྒྱ་ཆེ་རུ་བཏང་ཡོད་སྐོར་འདུག
སྤྱིར་བོད་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་རྒྱག་འཆར་གྱི་རིང་ཚད་སྤྱི་ལེ་༥༥༠ ཡས་མས་ཡིན་འདུག་ཅིང་། དེ་ལས་སྤྱི་ལེ་༤༠༠ ཙམ་ནི་བོད་ཀྱི་ས་ཐོག་ཏུ་ཁེལ་གྱི་ཡོད་འདུག་པ་དང་། སྤྱི་ལེ་༡༥༠ ཙམ་བལ་བོད་ས་མཚམས་ནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཊུ་བར་ཆགས་ཡོད་འདུག་པ་མ་ཟད། ཞིབ་འཇུག་ཅིག་གི་གྲུབ་དོན་ལྟར་ན་ལོ་བཞིའི་ནང་ཚུད་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་དེ་ཆ་ཚང་བ་བསྒྲུབ་ཐུབ་རྒྱུ་ཡིན་སྐོར་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།