བལ་ཡུལ་གཞུང་གིས་བཀའ་འཁྲོལ་གནང་སྲོལ་མེད་པ་ལྟར་བལ་ཡུལ་དོན་གཅོད་ཀྱིས་ལས་འགུལ་མི་སྤེལ་བའི་འབོད་སྐུལ་ཞུས་འདུག
ཟླ་འདིའི་ཚེས་༩ ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གིས་ཆོལ་གསུམ་བོད་མི་སེར་སྐྱ་ཁྲི་ཕྲག་བརྒལ་བས་བོད་ཀྱི་རྒྱལ་ས་ལྷ་སར་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཞི་བའི་སྒེར་ལངས་བྱས་ཏེ་མི་ལོ་ ༦༤ ཧྲིལ་པོ་འཁོར་བའི་དུས་དྲན་ཉིན་མཆོད་འབུལ་སྨོན་ལམ་སོགས་ཀྱི་རྣམ་དཀར་དགེ་བའི་ལས་ལ་མངོན་པར་འབད་པ་ལས་དེ་མིན་ལས་འགུལ་རིགས་མི་སྤེལ་བའི་འབོད་སྐུལ་ཞུས་འདུག
དེ་ཡང་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གིས་གལ་ཆེའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་༢༠༢༣ ཟླ་༣ ཚེས་༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་ཞུ་རྒྱུར་བལ་ཡུལ་གཞུང་ནས་ཆོག་མཆན་བཀའ་འཁྲོལ་གནང་སྲོལ་མེད་པ་ལྟར། རང་རེའི་བོད་མི་ཡོངས་ནས་གནས་ཡུལ་གཞུང་གི་ཁྲིམས་སྒྲིག་ལ་བརྩི་སྲུང་གིས་དེ་ལས་འགལ་བའི་ལས་འགུལ་རིགས་སྤེལ་གནང་མི་ཡོང་བའི་འབོད་སྐུལ་དེ་སྔ་ལོ་ཤས་གོང་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་ནས་གསལ་བསྒྲགས་གཏོང་སྲོལ་ཡོད་པ་ཇི་བཞིན་ད་རེས་ཡང་བོད་མི་རྣམས་ནས་དུས་དྲན་ཉིན་མཆོད་འབུལ་སྨོན་ལམ་གསུང་འདོན་ལ་སོགས་པའི་རྣམ་དཀར་དགེ་བའི་ལས་ལ་མངོན་པར་འབད་གནང་ཡོང་བའི་ཡོངས་ཁྱབས་གསལ་བསྒྲགས་སུ། ཞེས་སྤེལ་གནང་འདུག
རྒྱ་ནག་དང་བལ་ཡུལ་བར་འབྲེལ་བ་ཇེ་ཡག་ཏུ་ཕྱིན་ནས་བཟུང་། བལ་ཡུལ་གཞུང་གིས་བལ་ཡུལ་ནང་བོད་མི་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་དང་གསུམ་བཅུའི་དུས་དྲན་སོགས་སྲུང་བརྩི་བྱ་རྒྱུར་བཀག་འགོག་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་གཞན་དང་མི་འདྲ་བར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་བོད་མི་ཚོར། རྡུང་རྡེག་དང་འཇུ་བཟུང་བཀག་ཉར་ཡང་བྱེད་ཀྱི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།