བལ་ཡུལ་གཞུང་གིས་སླར་ཡང་དངོས་ཟོག་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་བྱས་འདུག

ཟླ་འདིའི་ཚེས་༡༧ཉིན་རྒྱལ་སྤྱིའི་གསར་ཁང་(WION) གིིིིིིིས་གནས་ཚུལ་སྤེལ་གསལ་ལྟར་ན།བལ་ཡུལ་གྱི་ནང་དུ་དཔལ་འབྱོར་གྱི་གནས་སྟངས་ཡག་ཏུ་མ་ཕྱིན་པའི་སྟབས་ཀྱིས་བལ་ཡུལ་གཞུང་གིས་སླར་ཡང་དངོས་ཟོག་སྣ་ཁག་༡༠་ཞིག་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་བྱས་འདུག

བལ་ཡུལ་གཞུང་ལ་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་ཕྲད་པར་བརྟེན། ཕྱི་དངུལ་གསོག་འཇོག་དང་ཉར་ཚགས་ཀྱི་དོན་དུ།   ལོ་འདིའི་སྤྱི་ཟླ་བཞི་པ་ནས་ཟླ་བ་གསུམ་གྱི་རིང་། བལ་ཡུལ་གཞུང་གིས་ཤོག་སྦག་དང་ཕ་ལམ། སྣུམ་འཁོར། ཆང་རག་དང་བྱིས་པའི་རྩེད་ཆས་སོགས་དགོས་གལ་ཆེན་མོ་མེད་པའི་དངོས་ཟོག་སྣ་ཁག་བཅུ་ཞིག་རྒྱལ་ཁབ་གཞན་ནས་བལ་ཡུལ་དུ་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་ཀྱང་། ད་དུང་ཡང་དཔལ་འབྱོར་གྱི་གནས་སྟངས་ཡག་ཏུ་ཕྱིན་མེད་པའི་དབང་གིས།ལོ་འདིའི་སྤྱི་ཟླ་བརྒྱད་པའི་ཟླ་འཇུག་བར་དུ་མུ་མཐུད་ནས་དངོས་ཟོག་དེ་དག་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གྱི་དཔལ་འབྱོར་ཐོན་སྐྱེད་(GDP) བརྒྱ་ཆ་བརྒྱད་ནི་ཡུལ་སྐོར་སྤྲོ་འཆམ་པར་བརྟེན་ནས་ཡོང་གི་ཡོད་པ་དང་། གཞན་ཡང་བལ་ཡུལ་གྱི་མི་མང་ས་ཡ་༣.༥ལྷག་ཕྱིའི་རྒྱལ་ཁབ་ཏུ་ལས་ཀ་བྱེད་བཞིན་ཡོད་པ་དང་། དེ་དག་གིས་ཕྱི་ཁྱིམ་དུ་དངུལ་སྐུར་གྱི་ཡོད་པ་མ་ཟད། དངོས་ཟོག་ཕྱི་ལ་བཙོང་པ་དང་རྒྱལ་ཁབ་གཞན་ནས་རོགས་དངུལ་ལེན་པ་སོགས་ནི་བལ་ཡལ་གཞུང་གི་ཕྱི་དངུལ་ཡོང་སྒོ་ཁག་གཅིག་ཆག་གི་ཡོད་ན་ཡང་། འདས་པའི་ཟླ་བ་ཁ་ཤས་ཀྱི་རིང་གཞུང་གིས་རེ་བ་བྱས་པ་ལྟར་གྲུབ་འབྲས་ཐོན་མེད་པས། ཕྱི་དངུལ་གསོག་འཇོག་གི་དོན་དུ་དངོས་ཟོག་དེ་དག་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་ཆགས་ཡོད་རབས་བརྗོད་འདུག

བལ་ཡུལ་གྱི་རྰ་སི་ཊར(Rastra)དངུལ་ཁང་གིས་སྤྱི་ལོ་༢༠༢༡ནས་༢༠༢༢བར་གྱི་ཟླ་བ་བཅུ་གཅིག་གི་རིང་བལ་ཡུལ་གྱི་ཕྱི་དངུལ་གསོག་འཇོག་བྱས་པའི་ནང་བརྒྱ་ཆ་༡༩.༦ མར་ཟག་ཡོད་རབས་བརྗོད་ཡོད་འདུག་ལ། སྤྱི་ལོ་༢༠༠༠ནས་ད་ལྟའི་བར་དུ་ཕྱི་དངུལ་གསོག་འཇུག་གི་གནས་སྟངས་སྐྱོ་ཤོས་དེ་ཆགས་ཡོད་རབས་བརྗོད་འདུག

ད་ལྟའི་ཆར་བལ་ཡུལ་གྱི་ནང་དུ་ཡུལ་ཐང་འཕར་ཆ་ཡི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱི་ནང་དུ་ལས་ཀའི་གོ་སྐབས་ཉུང་དྲགས་པས་མི་མང་པོ་རྒྱལ་ཁབ་གཞན་དུ་འགྲོ་བཞིན་ཡོད་པ་མ་ཟད། རྫས་ལུས་ཉུང་སྐྱོན་གྱིས་ཞིང་པ་མང་པོ་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གཞུང་གི་དཔལ་འབྱོར་གྱི་ཡོང་འབབ་དང་རྒྱལ་ཁབ་དང་ཚོགས་སྡེ་གཞན་ལ་བུ་ལོན་ཡོད་པ་སོགས་དཔལ་འབྱོར་གྱི་གནས་སྟངས་མང་པོ་ཞིག་ནི་ཤྲི་ལང་ག་དང་མཚུངས་ཀྱི་ཡོད་པས། བལ་ཡུལ་ལ་ཤྲི་ལང་ག་བཞིན་དཔལ་འབྱོར་གྱི་དཀའ་ངལ་གཅིག་མཚུངས་སུ་འཕྲད་སྲིད་རབས་ཀྱི་བསམ་ཚུལ་བརྗོད་མཁན་ཡང་མང་པོ་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།