བལ་ཡུལ་གྱི་རྩ་ཁྲིམས་གསར་པར་མང་མོས་མོས་མཐུན།
ཟླ་འདིའི་ཚེས་༡༦ ཉིན་བལ་ཡུལ་གྱི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་༥༠༧ གྱིས་རྩ་ཁྲིམས་གསར་པར་རྒྱབ་སྐྱོར་བྱས་དང་། གྲོས་ཚོགས་འཐུས་མི་༢༥ ཡིས་རྒྱབ་སྐྱོར་བྱས་མེད་ནའང་། རྩ་ཁྲིམས་གསར་པ་མང་མོས་གཏན་འབེབས་བྱས་ཡོད་འདུག
རྩ་ཁྲིམས་གསར་པ་དེའི་ནང་བལ་ཡུལ་ལུང་པ་དེ་ཉིད་ཞིང་ཆེན་༧ ལ་བགོ་རྒྱུ་ཡིན་པ་ཐག་གཅོད་བྱས་ཡོད་པ་དང། རྩ་ཁྲིམས་དེ་ལ་གྲངས་ཉུང་མི་རིགས་མི་འདྲ་བ་མང་པོས་མི་རིགས་དབྱེ་འབྱེད་ཡོང་གི་རེད་ཅེས་ངོ་རྒོལ་བྱས་ཏེ། དེའི་ཁྲོད་མི་༤༠ ཙམ་རྐྱེན་ལམ་དུ་ཕྱིན་ཡོད་འདུག
དེ་བཞིན་ཧིན་རྡུ་ཆོས་ལུགས་ཚོགས་པས་བལ་ཡུལ་དེ་ཉིད་ཧིན་རྡུའི་རྒྱལ་ཁབ་ཡིན་པར་ངོས་ལེན་བྱེད་དགོས་པར་དགོས་འདུན་དང་ལས་འགུལ་སྤེལ་ཡོད་ཀྱང། གྲོས་ཚོགས་ནས་དེ་ལ་ཁས་ལེན་མ་བྱས་པར། ཕྱི་ལོ་༢༠༠༨ ལ་བལ་ཡུལ་གྱི་རྒྱལ་པོའི་རིང་ལུགས་མགོ་རྟིང་སློག་པ་ནས་བཟུང། བལ་ཡུལ་དེ་ཉིད་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་ཅིག་ཆགས་པ་དེ་རང་འཇགས་སུ་གནས་རྒྱུ་ཡིན་པ་མང་མོས་བྱུང་ཡོད་འདུག
བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་སུ་ཤིལ་གྱིས་མི་མང་གི་རྩ་ཁྲིམས་གསར་པར་མང་མོས་མོས་མཐུན་བྱུང་བའི་གནད་དོན་དེ་ནི་བལ་ཡུལ་མི་མང་ཚང་མར་སྤོབས་པ་སྐྱེ་འོས་པ་ཞིག་རེད་ཅེས་སྤྱི་ཚོགས་དྲ་རྒྱ་ཀྲིའུ་ཊིར་ཐོག་བྲིས་ཡོད་འདུག
སྐལ་བཟང་དོན་གྲུབ།