བལ་ཡུལ་དུ་ཆུ་བཞི་སྒང་དྲུག་དབུ་བརྙེས་པའི་དུས་དྲན་འཚོགས་བཅུག་མི་འདུག
ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་པའི་དུས་དྲན་ནི། རྒྱ་གར་གཙོས་ཕྱི་རྒྱལ་ཁག་གི་ས་གནས་ཆུ་སྒང་གི་རྒྱུན་ལས་ཀྱི་གོ་སྒྲིག་འོག་དུས་དྲན་སྲུང་བརྩི་བྱེད་སྲོལ་ཡོད་ན་ཡང་། རྒྱ་གཞུང་གི་གནོན་ཤུགས་ལ་བརྟེན་ནས། བལ་ཡུལ་གཞུང་གིས་མཛད་སྒོ་འཚོག་རྒྱུར་བཀག་འགོག་བྱས་འདུག

ཟླ་འདིའི་ཚེས་༡༦ ཉིན་ནི་བོད་ཀྱི་རྒྱལ་ས་ལྷ་ས་དང་ཉེ་བའི་ལྷོ་ཁ་ལྕགས་ཚ་གྲུ་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་༦༧ འཁོར་བའི་དུས་དྲན་ཁེལ་ཞིང་། རྒྱ་གར་གཙོས་པའི་ཕྱི་རྒྱལ་ཁག་གི་ཆུ་སྒང་ས་གནས་རྒྱུན་ལས་ཡོད་ས་ཚང་མར་དུས་དྲན་སྲུང་བརྩི་སྔར་རྒྱུན་ལྟར་ཞུས་དང་ཞུ་མུས་ཡིན་ཡང་། རྒྱ་གཞུང་གི་གནོན་ཤུགས་ལ་བརྟེན་ནས་བལ་ཡུལ་དུ་བཀག་འགོག་གིས་དུས་དྲན་སྲུང་བརྩི་ཞུ་ཐུབ་མེད་པ་རེད་འདུག
དེ་དང་འབྲེལ། དེ་རིང་ཚེས་༡༦ ཉིན་ཆུ་བཞི་སྒང་དྲུག་གི་ངོ་དེབ་ཐོག་ཏུ་སྤེལ་བའི་གནས་ཚུལ་ནང་། བལ་ཡུལ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གོ་སྒྲིག་འོག མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ཏེ་ལོ་ངོ་༦༧ འཁོར་བའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ངང་འཚོག་རྒྱུའི་གྲ་སྒྲིག་ཡོངས་སུ་ཟིན་ཡང་། བོད་ཀྱི་རྒྱལ་དར་དང་། བསྟན་སྲུང་དང་བླངས་དམག་གི་དམག་དར་སྒྲིག་བཤམས་བྱས་རྐྱེན། རྒྱ་ནག་གཞུང་ཚབ་ཁང་ནས། བལ་ཡུལ་གཞུང་ལ་སྒྲིག་འཛུགས་དེ་བཞིན་རང་བཙན་རྩོད་ལེན་བྱེད་མཁན་གཏེ་པོ་ཞིག་རེད་ཅེས་གནོན་ཤུགས་སྤྲད་པར་བརྟེན། བལ་ཡུལ་གཞུང་གིས་མཛད་སྒོ་འཚོག་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་ཕྱིར་བསྡུ་དགོས་པ་བྱུང་ཡོད།
མཛད་སྒོའི་སྐུ་མགྲོན་དུ། ཨ་རིའི་གཞུང་ཚབ་མི་སྣ། བལ་གཞུང་ཉེན་རྟོག་རུ་དཔོན། སྐུ་ཚབ་དོན་གཅོད། དབུས་དྲུང་ཆེ་དང་། དབུས་རྒྱུན་པདྨ་ཆོས་རྒྱལ་སོགས་མང་དག་མགྲོན་འབོད་བྱས་ཡོད་ཅེས་དང་།
རྩ་བའི་མཛད་སྒོ་ཇི་བཞིན་སྐྱོང་མ་ཐུབ་པར། བློ་ཕམ་གྱི་གནས་ཚུལ་ཡིན་ཡང་། དགྲ་བོའི་མིག་ནང་གི་ཚེར་མ་ལྟ་བུ་དམིགས་འབེན་དུ་བཟུང་བ་ནི། རྒྱལ་གཅེས་དཔའ་རྒོད་རྣམ་པའི་བློས་བཏང་དང་། དྲག་པོའི་ཁ་གཏད་ཤུགས་ཆེར་བཀྱགས་པའི་གཏིང་ནད་ཡིན་པ་སྨོས་མ་དགོས་སྟབས། ཕྱོགས་གཞན་ནས་སྤོབས་པ་སྐྱེ་གཞི་ཡིན་པས། གོ་སྒྲིག་པ་དང་། ས་གནས་མི་དམངས་རྣམས་ནས་ཐུགས་ཕམ་ཤུགས་ཆེ་མི་གནང་པར། དཔའ་རྒོད་རྣམ་པའི་མངོན་འདོད་གཞིར་བཟུང་བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་ཐུགས་ཁུར་ཟབ་འབུངས་ཡོང་བའི་རེ་སྐུལ་ཞུ་ཞེས་འཁོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།