བལ་ཡུལ་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་དབུ་བརྙེས་ནས་ལོ་༦༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།

དེ་རིང་སྤྱི་ལོ༢༠༢༣ཟླ༠༦ ཚེས༡༦ ཉིན་མོ་འདི་ནི། བོད་ཀྱི་རྒྱལ་ས་ལྷ་ས་དང་ཉེ་བའི་ལྷོ་ཁ་ལྕགས་ཚ་གྲུ་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦༥ འཁོར་བའི་དུས་དྲན་ལ་འཁེལ་ཡོད་པས། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་ཚང་མས་ཉིན་བརྒྱ་དུས་གཅིག་ཏུ་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། འདི་ག་བལ་ཡུལ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གོ་སྒྲིག་འོག་བལ་ཡུལ་མཆོད་འཇོར་ས་གནས་ཀྱི་ཚོགས་ཁང་དུ་མཛད་སྒོའི་སྐུ་མགྲོན་གཙོ་བོར་བལ་ཡུལ་ས་གནས་དོན་གཅོད་རྩིབས་རི་ལོ་པན་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་དང་། བོད་མི་དམངས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། རང་བཙན་ཚོགས་ཆུང་གི་ལས་བྱེད་དང་།གཞོན་ནུའི་ཚོགས་གཙོ་སོགས་གྱིས་གཙོས་པའི་མདོ་སྟོད་མི་དམངས་མང་པོ་མཉམ་འཛོམས་ངང་བསང་གསོལ་དང་སྦྲགས་ཏེ་མཛད་སྒོ་སྲུང་བརྩི་ཞུས་སོང་།

སྐབས་དེར་ས་གནས་ཆུ་སྒང་གི་ཚོགས་གཙོ་བཀྲ་ཤིས་ཟླ་བ་ལགས་ཀྱིས། དེ་རིང་གི་དུས་ཚོད་འདི་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་ལོ་ངོ་༦༥འཁོར་བ་དང་། དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་སྐུ་གཤེགས་ནས་མི་ལོ་༦༠འཁོར་ཡོད་པས། དུས་དྲན་འདི་ནི་ཧ་ཅང་གལ་ཆེན་ཡིན་པ་མདོ་སྟོད་མི་མང་ཙམ་མིན་པར། བོད་ཆོལ་ཁ་གསུམ་གྱིས་དྲན་རྒྱུ་གལ་ཆེན་ཡིན་ཚུལ་དང་། ཁ་སང་སྔོན་མར་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་༧སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམས་པར་མྱ་ངན་ཞུ་བ་དང་ལྷན། ཁོང་ཚོ་རྒྱུན་ལས་གསར་པ་ཚོའི་ངོས་ནས་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་གཞི་གཞིར་བཟུང་གིས་མ་འོངས་པའི་ཕྱག་ལས་གནང་ངེས་ཡིན་ཚུལ་སོགས་ཀྱི་གསུང་བཤད་དང་འབྲེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་དང་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་སོང་།
དེའི་རྗེས་སུ། བལ་ཡུལ་ས་གནས་དོན་གཅོད་རྩིབས་རི་ལོ་པན་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་ཀྱིས། སྤྱིར་དོན་གཅོད་གཅིག་གི་ངོས་ནས་མཛད་སྒོ་འདྲ་མིན་ལ་བཅར་ཆོག་མིན་དང་། གོང་ལ་སྙན་སེང་ཞུ་དགོས་པ་མང་པོ་ཡོད་ཀྱང་། དོན་གཅོད་སྔོན་མའི་སྐབས་སུ་མཛད་སྒོ་གལ་ཆེན་ཁག་ལ་བཅར་བའི་ལུགས་སྲོལ་ཞིག་ཡོད་པ་བཞིན། དུས་དྲན་མཛད་སྒོ་འདི་ཡང་གལ་ཆེན་པོ་ཡིན་པས། མགྲོན་ཤོག་འབྱོར་བ་ལྟར་བཅར་ཡོད་ཚུལ་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཅེས་པ་དེ་གལ་ཆེན་པོའི་སྒྲིག་འཛུགས་ཤིག་ཆགས་ཡོད་པ་དེ་སོ་སོ་རང་ཉིད་ཀྱི་ངོས་ནས་ཚོར་བ་ཆེན་པོས་ངོས་འཛིན་ཞུ་བཞིན་ཡོད་པ་དང་། དེ་བཞིན་ཨ་འབྲུག་མགོན་པོ་བཀྲ་ཤིས་གཙོས་པའི་རྒྱལ་གཅེས་དཔའ་བོ་ཚོས་“དགྲ་ལ་མགོ་སྒུར་གི་མིན། རྒྱལ་ཁབ་བློས་གཏོང་གི་མིན་”ཞེས་པའི་དམ་བཅའ་བརྟན་པོ་བྱས་ནས་དགྲ་ལ་འཐབ་རྒོལ་བྱེད་པའི་ཀུན་སློང་རླབས་ཆེན་དེ་འདྲ་ལ་དྲན་གསོ་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། ལྷག་པར་ཆུ་སྒང་གི་མི་རབས་རྒན་པ་ཞལ་འཚོ་བཞུགས་ཡིན་པ་དེ་ཚོ་ལ་བཅར་འདྲི་བྱས་ཏེ། ཁོང་ཅག་གི་ལོ་རྒྱུས་འབྲི་ཐུབ་པ་ཡིན་ན་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མཐུན་པ་ཡིན་སོགས་གསུངས་སོང་།

དེ་བཞིན་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་ཚོགས་པ་འདི་ཉིད་སྐོར་གསུང་དོན། སྤྱིར་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ཡིན་ན། དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན་པའི་དམག་གི་སྒྲིག་འཛུགས་སོགས་སྣ་ཚོགས་ཡོད་པ་བཞིན། བོད་མི་རིགས་ཀྱི་ལོ་རྒྱུས་དེ་ཡང་རྫིག་པོར་བཤད་འོང་དུས་བཙན་པོའི་སྐབས་སུ་འཛམ་བུ་གླིང་གི་སུམ་ཆ་གཅིག་ལ་དབང་དུ་བསྡུས་ཡོད་ཅེས་བཤད་བཞིན་ཡོད་ལ། དེ་ཡང་ང་ཚོ་བོད་པའི་ལོ་རྒྱུས་གཅིག་པུ་མིན་པར། རྒྱ་མིའི་ལོ་རྒྱུས་སོགས་ལས་ཀྱང་གསལ་ཡོད་ཅིང་། དེ་ལྟ་བུའི་སྟོབས་ཤུགས་ང་ཚོ་ལ་བྱུང་མྱོང་ཡོད་ཚུལ་དང་། དེ་ནས་དུས་རབས་ཉི་ཤུ་པའི་ལོ་མགོར་ད་ལྟ་སྟོབས་ཆེན་རྒྱལ་ཁབ་ཏུ་གྲགས་པའི་རྒྱ་ནག་དམར་པོའི་རྒྱལ་ཁབ་དེ་དར་མགོ་ཚུགས་པའི་སྐབས་སུ་ང་ཚོ་བོད་པ་ཚོ་ལ་ནང་ཁུལ་གྱི་དཀའ་ངལ་མང་པོ་འཕྲད་པ་སྟེ། སྤྱི་ལོ༡༩༣༢ ནས་བཟུང་།“འབྲི་ཆུའི་ཕར་རི་ཚུར་རི་ཟེར་སྡོད་པ་འདྲ་བོ”བོད་པ་ཚོ་ཁ་འཐོར་ཆགས་པའི་འོག རྒྱ་དམག་བོད་ལ་འཛུལ་འོང་བའི་སྐབས་སུ་དགྲ་ལ་ཁ་གཏད་གཅོག་པའི་ཆེད་དུ་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་པ་སྟེ། ཨ་འབྲུག་ཚང་གི་མཆོད་ཁང་ནས་འགོ་བཙུགས་སྟེ། སྤྱི་ལོ༡༩༥༨ ཟླ༦ ཚེས་༡༦ ཉིན་ལྕགས་ཚ་གྲུ་གུ་ཐང་དུ་བསྟན་སྲུང་དང་བླངས་དམག་ཅེས། དམག་གཞན་པ་བཞིན་མིན་པར། རྒྱ་དམག་ལ་ཁ་གཏད་གཅོག་གི་ཡིན་ཟེར་ནས་དང་བླངས་ཀྱིས་དམག་གི་སྒྲིག་འཛུགས་ཀྱི་ཚོགས་པ་འདི་དབུ་བརྙེས། དགྲ་ལ་ཁ་གཏད་རབ་དང་རིམ་བཅག་ཡོད། གང་ལྟར་མང་སྣེ་ཉུང་གིས་བརྟན་མེད་ཀྱང་། ༧གོང་ས་སྐྱབས་མགོན་ཆེན་པོ་རྒྱ་གར་ལ་གདན་འདྲེན་ཞུས་ཡོད་ལ། དེ་ཡང་སྣང་བ་འགྲོ་བ་ཡིན་ན་“མདོ་ཁམས་ཆུ་བཞིའི་སྒང་དྲུག་དམག་གིས༧གོང་ས་མཆོག་གདན་འདྲེན་ཞུ་བ་རེད”་ཅེས་པ་དང་། སྣང་བ་མ་འགྲོ་ན།“ལྷོ་ལམ་གཙང་སེལ་བྱས་པ་རེད”ཟེར་བ་འདྲ། སྣང་བ་རྩ་བ་ཉིད་ནས་མ་འགྲོ་ན་“གཅིག་བྱས་ཡོད་ས་རེད”ཅེས་པ་ལྟ་བུ་བྱུང་བ་རེད་དེ། ཆུ་སྒང་དམག་གིས་དགྲ་ལ་ཅི་ཙམ་འཛིངས་ཏེ། བོད་ཀྱི་ལོ་རྒྱུས་གཅིག་པུ་མིན་པར། རྒྱལ་རབས་ལོ་རྒྱུས་གཞན་པ་མང་པོའི་ནང་དུ་གསལ་བའི་བྱས་རྗེས་རིམ་པ་མང་པོ་བཞག་ཡོད། ཐ་ན་རྒྱ་མིའི་ལོ་རྒྱུས་ནང་དུ་ཡང་། ཆུ་བཞི་སྒང་དྲུག་གི་དམག་ཟེར་ན་མིག་ནང་དུ་ཚེར་མ་ཟུག་པ་ལྟ་བུ་བྱེད་དགོས་པའི་བྱས་རྗེས་ཅན་ཡིན་ཚུལ་གསུངས་སོང་།

ཁོང་གིས་སྒྲིག་འཛུགས་འདི་ཉིད་ཀྱི་འདས་པའི་དཀའ་ངལ་སྐོར་གསུང་དོན། སྒྲིག་འཛུགས་འདི་ཉིད་བོད་དུ་བཙུགས་ཤིང་། བཙན་བྱོལ་དུ་འབྱོར་བའི་རྗེས་སུ་ཡང་མ་འཐོར་བར་ད་བར་གནས་པའི་སྒྲིག་འཛུགས་གཅིག་པུ་དེ་ཡིན་ཡང་། ལི་ཐང་ཨ་ཐར་གཙོས་པའི་རྒན་པ་ཚོས་ཕྱོགས་འདྲ་མིན་ནས་དཀའ་བ་འདྲ་མིན་ལ་གདོང་ལེན་གྱིས་ཚོགས་པ་འདི་ཉིད་གནས་ཐུབ་པ་བྱུང་བ་ཞིག་དང་། དེ་ནས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱིས་གཙོས་པའི་མི་རབས་རྒན་པ་མང་པོས་༧གོང་ས་མཆོག་ལ་ལམ་སྟོན་ཞུས་པ་དང་སྦྲགས། ཁོང་རྣམས་ཀྱིས་དཀའ་ལས་མང་པོ་བརྒྱབས་པ་བརྒྱུད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་འོས་བསྡུ་བྱེད་ཕྱོགས་གཙོས་པའི་ཚོགས་པ་འདི་ཉིད་ཀྱི་བྱེད་སྒོ་མང་པོ་ཞིག་ཁྱོན་ཡོངས་ནས་ཚགས་ཚུད་དང་སྤུས་ལེགས་གྱུར་ཚུལ་གསུངས་སོང་།
དེ་ནས་ཁོང་གིས་མི་རབས་གཞོན་པ་ཚོས་དུས་དྲན་འདི་ཉིད་གལ་ཆེན་དུ་བརྩི་དགོས་ཚུལ་གསུང་དོན། ང་ཚོའི་མི་རབས་ཚོས་ཤེས་དགོས་པ་ཞིག་ནི་༧ང་ཚོས་གོང་ས་མཆོག་གི་བཀའ་དགོངས་བཞིན་འཚེ་མེད་ཞི་བའི་ལམ་དུ་འགྲོ་དགོས་ཀྱང་། མི་རབས་རྒན་པ་ཚོའི་སྐབས་སུ་དགྲ་ལ་འཛིངས་པའི་གནས་སྟངས་དེ་ཚོ་ནི་རྒྱལ་ཁབ་དང་མི་རིགས་སྐྱོང་བའི་ལམ་དང་ལུགས་སྲོལ་གལ་ཆེན་ཞིག་ཡིན་པར་དུས་ནམ་ཡང་བརྗེད་མི་སྲིད་པ་དང་།བརྗེད་ན་མི་རུང་པ། བརྗེད་ན་ལས་རྒྱུ་འབྲས་དང་མི་མཐུན་པ། བོད་རྒྱལ་ཁབ་དང་མི་རིགས་ལ་འགན་མི་འཁུར་བ་ཡིན་ཚུལ་སོགས་གསུང་བཤད་གནང་སོང་།
ཉེ་ཆར་བལ་ཡུལ་དུ་༧སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་ཞིང་ལ་གཤེགས་ཡོད་པས་གླུ་གར་འཁྲབ་སྟོན་སོགས་ཀྱི་གྲ་སྒྲིག་ཅི་ཡང་བྱས་མི་འདུག་ཅིང་། ད་ལོར་བལ་ཡུལ་ས་གནས་མདོ་ཁམས་ཆུ་སྒང་གི་རྒྱུན་ལས་བཅུ་གཅིག་བདམས་ཐོན་བྱུང་ཡོད་པའི་ནང་ནས་བཅུ་གསར་པ་དང་གཅིག་རྙིང་པ་ཡིན་འདུག་པ་བཅས།
གསར་འགོད་པ་བསོད་ནམས་ནོར་བུ།