བལ་ཡུལ་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་བཀག་འགོག

ཟླ་འདིའི་ཚེས་༦ ཉིན་བལ་ཡུལ་རྒྱལ་སའི་སྲོང་བཙན་སློབ་གྲྭར་ས་གནས་དེར་གནས་སྡོད་སྐྱབས་བཅོལ་བོད་མི་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་བལ་ཡུལ་གཞུང་གི་ཉེན་རྟོག་པ་སླེབས་ནས།  ས་གནས་འགོ་འཛིན་བཀག་ཉར་དང་། དུས་དྲན་སྲུང་བརྩི་བྱེད་བཅུག་མེད་པ་རེད།

nepal2016_7_6
Photo by Tenzin kalsang

ས་གནས་ནས་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ཉིན་དེར་འཁྲུངས་སྐར་སྲུང་བརྩི་གྲ་སྒྲིག་བྱས་ཡོད་པ་དང་། ས་གནས་ཀྱི་དཔོན་རིགས་ལ་སྔོན་དུས་དྲན་སྲུང་བརྩི་ཞུ་ཆོག་པའི་ཆོག་མཆན་ཞུས་ཡོད་འདུག འོན་ཀྱང་ཉིན་དེར་མི་མང་འདུ་འཛོམས་སྐབས། བལ་ཡུལ་གཞུང་གི་ཉེན་རྟོག་པ་སླེབས་ནས་མཆོད་རྟེན་བྱ་རོང་ཁ་ཤོར་གྱི་ཉེ་འགྲམ་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་དང་། བོད་མི་བསྡོམས་པའི་སུམ་ཅུ་ཙམ་བཀག་ཉར་བྱས་ཡོད་པ་ཟད། ཉེན་རྟོག་པས་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་ཡོད་པ་མར་ཕབ་དགོས་སྐོར་བརྗོད་ཡོད་འདུག

nepal_2016_7_6
Photo by Tenzin kalsang

བར་ལམ་ཞིག་ནས་རྒྱ་ནག་དང་བལ་ཡུལ་གཞུང་གི་བར་འབྲེལ་བ་ཤུགས་ཆེ་རུ་སོང་བ་དང་། བལ་ཡུལ་ནང་བོད་མིའི་ཆབ་སྲིད་ལས་འགུལ་རིགས་ཆ་ཚང་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཟད། འཁྲུངས་སྐར་སྲུང་བརྩིས་མཚོན་བོད་མི་འདུ་འཛོམས་བྱེད་རྒྱུར་ཡང་དཀའ་ངལ་སྤྲད་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།