བལ་ཡུལ་ནང་བུད་མེད་ཟླ་མཚན་འབབ་སྐབས་རྒྱང་འབུད་གཏོང་མི་ཆོག་པ་བཟོས་འདུག
བལ་ཡུལ་གྲོས་ཚོགས་ནང་བུད་མེད་ལ་ཟླ་མཚན་འབབ་སྐབས་དང་ཕྲུ་གུ་བཙས་རྗེས། ཁྱིམ་ནས་རྒྱང་འབུད་གཏོང་མི་ཆོག་པའི་ཁྲིམས་གསར་གཏན་འབེབས་བྱས་ཡོད་འདུག
ཟླ་༨ པའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བལ་ཡུལ་ནང་དུ་ཧིན་རྡུ་ཆོས་ལུགས་ཀྱི་ལམ་ལུགས་རྙིང་པ་ཆ་ཧུ་པ་ཌེ་ཞེས་པ་ཞིག་ཡོད་འདུག་པ་དང་། དེའི་ནང་བུད་མེད་ལ་ཟླ་མཚན་འབབ་སྐབས་དང་ཕྲུ་གུ་བཙས་རྗེས། བུད་མེད་རྣམས་མི་གཙང་བར་ངོས་འཛིན་ཐོག ཁྱིམ་ནས་ས་ཐག་རིང་སར་ཟླ་མཚན་གྱི་དུས་ཚོད་མ་རྫོགས་བར་སྡོད་དགོས་ཀྱི་ཡོད་འདུག
ཟླ་༨ པའི་ཚེས་༩ ཉིན་བལ་ཡུལ་གྱི་གྲོས་ཚོགས་ནང་སྤྱི་མོས་ཐོག གལ་ཏེ་བུད་མེད་ཅིག་ཟླ་མཚན་འབབ་སྐབས་སམ་ཕྲུ་གུ་བཙས་རྗེས། ཁྱིམ་ནས་རྒྱང་འབུད་བཏང་བའམ་དབྱེ་འབྱེད་བྱས་ནས་རེག་མི་རུང་བ་ལ་བརྩིས་པའི་བྱ་སྤྱོད་ལ་འཇུག་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་དོ་བདག་དེར་ཉེས་ཆད་བལ་སྒོར་༣༠༠༠ འམ་ཟླ་བ་༣ རིང་བཙོན་འཇུག་ཁྲིམས་ཆད་འཕོག་རྒྱུ་ཡིན་འདུག ཡང་ན་ཉེས་ཆད་དང་བཙོན་འཇུག་གཉིས་ཀ་བྱེད་རྒྱུ་ཡིན་པའི་ཁྲིམས་གསར་གཏན་འབེབས་བྱས་ཡོད་པ་དང་། ཁྲིམས་དེ་ལོ་གཅིག་ནང་ཚུན་ལག་ལག་བསྟར་ཆགས་རྒྱུ་རེད་འདུག
བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་མོ་ཧ་ན་ཨན་ས་རི། ཁྲིམས་དེ་གཏན་འབེབས་ཡོང་ཐབས་སུ་དཀའ་ལས་རྒྱག་མཁན་ཁོངས་སུ་ཡོད་པ་དང་། ཁོང་གིས་ཁྲིམས་དེས་བུད་མེད་རྣམས་ལ་བཙན་སྐུལ་ཐོག་ལམ་ལུགས་དེར་དང་ལེན་བྱེད་དུ་འཇུག་ཚེ། སྙན་སེང་ཞུ་བའི་ལམ་ཁ་ཞིག་བཟོས་ཡོད་པ་དང་། ལམ་ལུགས་དེས་བུད་མེད་ཁེར་རྐྱང་དུ་འབུད་པའི་ཚོར་བ་དང་སེམས་ཁམས་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་སྐོར་བརྗོད་འདུག
ཁོང་གིས་བརྗོད་དོན་ལྟར་ན་ལོ་༡༢ ཡི་སྔོན་དུ་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ལམ་ལུགས་དེའི་ཁ་གཏད་ཀྱི་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་། དེའི་ནང་ལམ་སྟོན་མ་གཏོགས་མེད་པས་ནུས་པ་ཐོན་མེད་པས། སྐབས་དེར་ཁྲིམས་ཁང་གིས་གལ་ཏེ་ལམ་སྟོན་དེ་ནུས་མེད་ཡིན་ཚེ། དེའི་ཐོག་ཁྲིམས་གཏན་འབེབས་བྱེད་དགོས་སྐོར་བརྗོད་ཡོད་པས། ད་ཐེངས་གྲོས་ཚོགས་ནང་ཁྲིམས་དེ་གཏན་འབེབས་བྱུང་བ་ཡིན་འདུག
བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པདྨ་ལྷ་སྐྱིད་ཀྱིས། ལམ་ལུགས་དེ་ནིའགྱུར་བ་འགྲོ་རྒྱུ་ཁག་པོ་ཡིན་པའི་དད་པའི་ལམ་ལུགས་ནང་ཤུགས་ཆེན་པོ་ཚུད་ནས་བསྡད་ཡོད་པས། ཁྲིམས་དེ་ནུས་པ་ཐོན་རྒྱུ་མིན་སྐོར་བརྗོད་འདུག དེ་བཞིན་བལ་ཡུལ་དེ་སྐྱེས་པའི་དབང་བསྒྱུར་གྱི་སྤྱི་ཚོགས་ཤིག་ཡིན་པའི་གནས་སྟངས་དེས་ལམ་ལུགས་དེར་ཆ་རྐྱེན་ཞིག་བསྒྲུབས་ཀྱི་ཡོད་ཀྱང་། བུད་མེད་ཚོར་ལམ་ལུགས་དེར་འཇུག་མཁན་སྐྱེས་པ་ཚོ་རེད་ཟེར་བ་དེ་ནི་གོ་དོན་ལོག་པ་ཞིག་ཡིན་ཁར། བུད་མེད་ཚོས་རང་ཉིད་ལམ་ལུགས་དེར་འཇུག་པ་བཟོ་ཡི་ཡོད་པས། བུད་མེད་ཚོས་ལམ་ལུགས་དེའི་རྩ་བའི་རྒྱུ་རྐྱེན་རྟོགས་པ་བྱེད་དགོས་པ་དང་། དེ་རྗེས་ཐབས་ཇུས་ལྡན་པའི་ཐོག་ནས་ཐེ་ཇུས་བྱས་ཏེ། མི་རབས་གཅིག་སྒུག་དགོས་སྐོར་བརྗོད་ཡོད་འདུག
བལ་ཡུལ་གྱི་མི་སྡེའི་སྤྱི་ཚོགས་མང་པོ་ཞིག་ནང་བུད་མེད་ཟླ་མཚན་འབབ་བཞིན་པ་རྣམས་མི་གཙང་བར་བརྩི་ཡི་ཡོད་འདུག་པ་དང་། ས་གནས་ཁུག་ཀྱོག་ཁག་ཅིག་ཏུ། བུད་མེད་རྣམས་ཁྱིམ་ནས་རྒྱང་ཐག་རིང་བ་ཞིག་ལ་རྩྭ་ཁང་ནང་ཉལ་དུ་འཇུག་གི་ཡོད་པས། ཟླ་སྔོན་མའི་ནང་བུད་མེད་ཅིག་རྩྭ་ཁང་ནང་ཉལ་བཞིན་སྐབས་སྦྲུལ་གྱིས་སོ་བརྒྱབ་ནས་ཤི་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོར་བུད་མེད་གཉིས་རྩྭ་ཁང་ནང་རྒྱང་འབུད་ཀྱི་གནས་སྐབས་རིང་ཚེ་སྲོག་ཤོར་ཡོད་འདུག དེའི་ནང་བུད་མེད་ཅིག་འཁྱགས་ནས་རྩྭ་ཁང་ནང་མེ་སྤར་སྐབས། གློ་བའི་ནང་དུ་བ་ཁེངས་ནས་ཤི་ཡོད་འདུག འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མང་པོ་ཞིག་གིས། བུད་མེད་མང་པོ་ཞིག་གནས་སྟངས་དེའི་སྐབས་རྐྱེན་ལམ་དུ་འགྲོ་ཡི་ཡོད་ཀྱང་། གནས་ཚུལ་དེ་རིགས་སྙན་སེང་ཞུ་ཡི་མེད་སྐོར་བརྗོད་འདུག
བུད་མེད་ལ་ཟླ་མཚན་འབབ་སྐབས་ཁ་ལག་དང་ཆོས་ཀྱི་སྐུ་འདྲ། བ་གླང་། སྐྱེས་པ་སོགས་ལ་རེག་ཆོག་གི་མེད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།