བལ་ཡུལ་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་གཅིག་ཀྱང་སྤེལ་འཇུག་རྒྱུ་མིན་ཞེས་བརྗོད་འདུག
བལ་ཡུལ་ནང་སྲིད་བློན་སུ་ཞིག་སླེབས་ནའང་རྒྱལ་ཁབ་གཞན་ལ་སྐོར་བསྐྱོད་ཐོག་མ་དེ་རྒྱ་གར་ནས་འགོ་འཛུགས་བྱེད་རྒྱུའི་ལུགས་སྲོལ་ཞིག་ཡོད་འདུག་ཀྱང། ད་ལྟའི་བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ལ་ཕྱིན་ཡོད་འདུག་ཅིང་། རྒྱ་ནག་དང་ལྷན་དུ་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་མང་པོ་ཞིག་ལ་མིང་རྟགས་བཀོད་ནས་གྲོས་མཐུན་བཞག་ཡོད་འདུག
ཕྱི་ཚེས་༧ ཉིན་རྒྱ་གར་(Firstpost)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བལ་ཡུལ་གྱི་སྲིད་བློན་(KP Sharma Oli)ཀེ་པེ་ཤ་མ་ཨོ་ལེ་ཕྱི་ཚེས་༢ ནས་༥ བར་རྒྱ་ནག་ལ་ཕྱིན་ཡོད་འདུག་ཅིང་། ཕྱི་ཚེས་༣ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་ཡོད་འདུག དུས་རྒྱུན་བལ་ཡུལ་གྱི་སྲིད་བློན་གསར་པ་སུ་ཞིག་སླེབས་ཀྱང་། ཐོག་མ་རྒྱ་གར་ནང་གཟིགས་སྐོར་ཡོང་རྒྱུའི་ལུགས་སྲོལ་ཡོད་ཀྱང་། འདི་ལོའི་བལ་ཡུལ་གྱི་སྲིད་བློན་རྒྱ་གར་གཞུང་གིས་མགྲོན་འབོད་བྱས་མེད་པར་བརྗོད་འདུག རྒྱུ་མཚན་གཅིག་ནི་ཁོ་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཡིན་པ་དང་། རྒྱ་ནག་ལ་ཧ་ཅང་གིས་དགའ་ཞེན་བྱེད་མཁན་ཞིག་ཡོད་པར་བརྗོད། གཉིས་པ་བལ་ཡུལ་གྱི་སྲིད་བློན་གྱིས་ཉེ་ཆར་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སུ་ཡོད་པའི་རྒྱ་གར་གྱི་ས་ཆ་ཞིག་བལ་ཡུལ་གྱི་ཡིན་ཚུལ་བརྗོད་ནས། བལ་ཡུལ་གྱིས་ས་ཁྲ་གསར་པ་ཞིག་བཏོན་ཡོད་པའི་རྐྱེན་གྱིས་རྒྱ་གར་དང་བལ་ཡུལ་གཉིས་བར་རྙོག་གླེང་མང་པོ་བཟོས་ཡོད་འདུག
རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་བལ་ཡུལ་དང་རྒྱ་གར་བར་ད་ཆར་ཕྱི་འབྲེལ་དེ་ཙམ་ཡག་པོ་ཡོད་མི་འདུག་པ་དང་།བལ་ཡུལ་གྱིས་རྒྱ་གར་ལས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་དམ་དུ་གཏོང་བཞིན་ཡོད་འདུག ཐེངས་འདིར་བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ལ་ལྟ་སྐོར་འགྲོ་དུས་རྒྱ་ནག་དང་ལྷན་དུ་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་མང་པོ་ཞིག་ལ་གྲོས་མཐུན་བཞག་ཡོད་འདུག་ཅིང་། མ་འོངས་པའི་ལོའི་ནང་བལ་ཡུལ་དང་རྒྱ་ནག་བར་ལས་གཞི་མང་པོ་ཞིག་མཉམ་ལས་བྱེད་རྒྱུའི་གྲོས་མཐུན་བཞག་ཡོད་འདུག རྒྱ་ནག་དང་བལ་ཡུལ་གཉིས་བར་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་དེ་ཐོག་མར་ཕྱི་ལོ་༢༠༡༧ ལོར་འགོ་འཛུགས་བྱས་ཡོད་ཀྱང་། སྐབས་དེ་དུས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ནི་བུ་ལོན་གྱི་ཞགས་ཐག་ཡིན་མིན་གྱི་དོགས་པ་དང་། རྒྱ་གར་གྱི་ངོས་ནས་དེ་ལ་རྒྱབ་སྐྱོར་མི་བྱེད་པའི་རྐྱེན་གྱིས་བལ་ཡུལ་གཞུང་གིས་ལས་གཞི་མང་པོ་ཞིག་ཕྱིར་འཐེན་བྱས་ཡོད་འདུག ཐོག་མར་ལས་གཞི་༣༥ ཙམ་འགོ་འཛུགས་བྱེད་འཆར་ཡོད་འདུག་ཀྱང་། ལོ་གཉིས་ཀྱི་རྗེས་ཏེ་ཕྱི་ལོ་༢༠༡༩ ནང་ལས་གཞི་༩ ལས་ལག་བསྟར་བྱས་ཡོད་མི་འདུག
ཉེ་ཆར་བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ལ་ལྟ་སྐོར་འགྲོ་དུས་རྒྱུད་གཅིག་ལམ་གཅིག་དང་མཉམ་ལས་འཛུགས་སྐྲུན། མཐའ་མཚམས་ཀྱི་འགག་སྒོ། འགྲིམ་འགྲུལ། དྲྭ་རྒྱ། འཕྲིན་གཏོང་སོགས་ཀྱི་ཐོག་ཤུགས་རྒྱག་རྒྱུ་ཡིན་ཚུལ་དང་། ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་ཏུ་བལ་ཡུལ་གྱི་ཡུལ་སྐོར་ལོ་རུ་སྲུང་བརྩི་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༢ ནས་ ༥ བར་ཉིན་གྲངས་བཞིའི་རིང་བལ་ཡུལ་གྱི་སྲིད་བློན་ཀེ་པེ་ཤར་མ་ཨོ་ལི་(K P Sharma Oli ) རྒྱ་ནག་ཏུ་གཞུང་འབྲེལ་སྐོར་སྐྱོད་འགྲོ་དུས། ཕྱི་ཚེས་ ༣ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་བལ་ཡུལ་གྱི་སྲིད་བློན་ཀེ་པེ་ཤར་མ་ཨོ་ལི་ཡིས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་དང་། སྲིད་བློན་ལི་ཆང་གཉིས་ལ་ཐུག་འཕྲད་བྱས་ཡོད་འདུག་ཅིང་། རྒྱ་ནག་གཞུང་གིས་བལ་ཡུལ་ནང་འཛུགས་སྐྲུན་ཡར་རྒྱས་ཆེད་རྒྱ་སྒོར་ས་ཡ་ ༥༠༠ ཡི་རོགས་སྐྱོར་བྱ་རྒྱུ་ཡིན་ཞིང་། བལ་ཡུལ་གཞུང་གིས་བལ་ཡུལ་ནང་བོད་དོན་ལས་འགུལ་སྤེལ་རྒྱུར་བཀག་སྡོམ་བྱ་རྒྱུ་བསྐྱར་དུ་ཁས་ལེན་བྱས་འདུག
སྐབས་དེར་བལ་ཡུལ་དང་རྒྱ་ནག་ཟུང་འབྲེལ་གྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། བལ་ཡུལ་གཞུང་གིས་བོད་རང་སྐྱོང་ལྗོངས་སམ་བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་པས། བལ་ཡུལ་ནང་རྒྱ་ནག་དང་ཁ་ཕྲལ་གྱི་ལས་འགུལ་གཅིག་ཀྱང་སྤེལ་གྱི་མི་འཇུག་པའི་ཁས་ལེན་བསྐྱར་དུ་བྱས་འདུག་པ་མ་ཟད། རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་འཛིན་གྱིས་ཐའེ་ཝན་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཡིན་ཞིང་། ཐའེ་ཝན་གྱི་རང་བཙན་ལ་ངོ་རྒོལ་དང་རྒྱ་ནག་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག
ད་དུང་སྐབས་དེར་རྒྱ་ནག་དང་བལ་ཡུལ་གྱི་འབྲེལ་ལམ་ཡར་རྒྱས་སླད་དོན་ཚན་དགུ་ཡོད་པའི་གྲོས་མཐུན་ཞིག་ལ་མིང་རྟགས་བརྒྱབ་ཡོད་ཅིང་། གྲོས་མཐུན་དེའི་ནང་དུ་དཔལ་འབྱོར་དང་འཕྲུལ་རིག་མཉམ་ལས་བྱེད་པའི་གན་རྒྱ་དང་། བལ་ཡུལ་གྱི་ཊོ་ཁ་ནས་ཅ་ཧཱ་རི་ (Tokha-Chhahare) བར་གྱི་ས་འོག་ཕུག་ལམ་གྱི་བརྗེ་ལེན་ཡི་གེ ཚོང་འབྲེལ་མཉམ་ལས་གོང་སྤེལ་གྱི་གན་རྒྱ། བལ་ཡུལ་ནས་རྒྱ་ནག་ཏུ་ནང་འདྲེན་བྱེད་པའི་མ་ཧེའི་ཤ་ཚོང་འབྲེལ། ཕྱི་ལོ་ ༢༠༢༤ ནས་ ༢༠༢༩ བར་གྱི་འཛུགས་སྐྲུན་ལས་གཞི། དཔལ་འབྱོར་དང་འཕྲུལ་རིག་རོགས་སྐྱོར། རྒྱལ་ཚོགས་ཀྱི་རིག་དངོས་ཤུལ་བཞག་ཁོངས་སུ་ཡོད་པའི་ཐོག་བརྩེགས་དགུ་ཅན་གྱི་བྷ་སན་ཌི་པུར་ (Basantpur) ཕོ་བྲང་བསྐྱར་སྐྲུན་གྲུབ་པའི་ལག་འཁྱེར་རྩིས་སྤྲོད། དང་བླངས་རྒྱ་ཡིག་དགེ་རྒན་གྱི་གན་རྒྱ། བལ་ཡུལ་གྱི་བརྙན་འཕྲིན་ཁང་དང་རྒྱ་ནག་གི་དྲྭ་བརྙན་ཚོགས་པའི་གན་རྒྱ་བཅས་ཡོད་འདུག
སྲིད་བློན་ཀེ་པེ་ཤར་མ་ཨོ་ལི་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ནས་བལ་ཡུལ་གྱི་སྲིད་བློན་གསར་པའི་ལས་ཁུར་དམ་འབུལ་བྱས་ཤིང་། དེ་ནི་ཁོ་པ་བལ་ཡུལ་གྱི་སྲིད་བློན་དུ་བདམས་ཐེངས་བཞི་པར་གྱུར་ཡོད་པ་རེད། ཕྱི་ལོ་ ༢༠༡༥ ལོར་ཁོ་བལ་ཡུལ་གྱི་སྲིད་བློན་ཡིན་སྐབས། ཁོས་རྒྱ་ནག་དང་ལྷན་དུ་མཉམ་འབྲེལ་གྱི་འབྲེལ་བ་ཤུགས་ཆེར་བཟུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོར་བལ་ཡུལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ལས་གཞིའི་ནང་ཞུགས། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༦ པར་ཁོས་རྒྱ་ནག་དང་ལྷན་དུ་གཞིས་ཀ་རྩེ་ནས་བལ་ཡུལ་གྱི་རྒྱལ་སའི་བར་མེ་འཁོར་ལྕགས་ལམ་མཐུད་རྒྱུའི་གན་རྒྱ་བཞག ཁོ་ནི་རྒྱ་གར་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་ནག་གོ་ལའི་དུས་བབ་ཀྱིས། ཁོའི་ད་ལན་གྱི་གཞུང་འབྲེལ་སྐོར་སྐྱོད་སྐབས་རྒྱ་གར་གཞུང་འབྲེལ་མི་སྣ་མང་པོས་དོ་སྣང་དང་མི་དགའ་བའི་རྣམ་འགྱུར་བསྟན་ཡོད་ལུགས་སོགས་བརྗོད་ཡོད་འདུག
མདོར་ན་ད་ཆར་བལ་ཡུལ་དང་རྒྱ་ནག་བར་ཚོང་འབྲེལ་སྔར་ལས་ཇེ་ཆེར་གཏོང་ཐབས་བྱེད་བཞིན་ཡོད་འདུག་ཀྱང་། ད་ལྟའི་རྒྱ་ནག་དང་བལ་ཡུལ་གཉིས་བར་ཚོང་འབྲེལ་གྱི་གྲངས་ཚད་ནི་ཨ་སྒོར་ས་ཡ་༢༥༠ དང་བརྒྱ་ཆ་༡༥ ཡིན་འདུག འོན་ཀྱང་། བལ་ཡུལ་དང་རྒྱ་གར་བར་གྱི་ཚོང་འབྲེལ་ནི་ཨ སྒོར་ས་ཡ་༧༥༠ དང་བརྒྱ་ཆ་༦༥ ཡིན་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།