བལ་ཡུལ་སྲིད་བློན་གྱིས་སྔ་འགྱུར་ཡེ་ཤེས་ཁྱུང་རྫོང་དབུ་འབྱེད་གནང་བ།
ཕྱི་ལོ་༢༠༢༣ ཟླ་༥ ཚེས་༢ ཉིན་བལ་ཡུལ་གྱི་ས་ཁུལ་གྲོལ་ཡེ་ལུང་དུ་བལ་ཡུལ་གྱི་སྲིད་བློན་པུ་ཤི་པ་ ཀཱ་མལ་ དྷ་ཧལ་(Pushpa Kamal Dahal)དང་། མཁན་ཆེན་རྣམ་གྲོལ་རིན་པོ་ཆེ་དབུ་བཞུགས་ཐོག་སྔ་འགྱུར་ཡེ་ཤེས་ཁྱུང་རྫོང་གླིང་དབུ་འབྱེད་ཀྱི་མཛད་སྒོ་དངོས་གཞི་དེ་ཚོགས་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་བལ་ཡུལ་ཤར་པའི་ས་ཁུལ་ཛི་རིའི་ཡེ་ལུང་དུ་ཤར་སྤྲུལ་དམ་ཆོས་རིན་པོ་ཆེས་གསར་བཞེངས་མཛད་པའི་སྔ་འགྱུར་ཡེ་ཤེས་ཁྱུང་རྫོང་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ་པའི་རྟེན་འབྱུང་མཛད་སྒོ་ཚོགས་ཡོད་པ་དང་། ཕྱི་ལོ་༢༠༢༣ ཟླ་༤ ཚེས་༢༧ ནས་ཚེས་༢༩ བར་གཏེར་ཆེན་རིག་འཛིན་ཉི་མ་གྲགས་པའི་གཏེར་ཆོས་ལས། རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོའི་སྒོ་ནས་རབ་གནས་རྒྱས་པ་ཉིན་གསུམ་དང་། དེའི་རྗེས་ཕྱི་ལོ་༢༠༢༣ ཟླ་༤ ཚེས་༣༠ ཉིན་སྐྱབས་རྗེ་མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ་དབུ་བཞུགས་ཐོག ཀློང་ཆེན་སྙིང་ཐིག་རིག་འཛིན་འདུས་པའི་སྒོ་ནས་རྟེན་གསུམ་རབ་གནས་དངོས་གཞི་དང་འབྲེལ། མི་མང་ལ་རིག་འཛིན་འདུས་པའི་ཚེ་དབང་བཀའ་དྲིན་སྩལ་གནང་མཛད་པ་དང་། ཕྱི་ཟླ་༥ ཚེས་༢ ཉིན་བལ་ཡུལ་གྱི་སྲིད་བློན་པུ་ཤི་པ་ ཀཱ་མལ་ དྷ་ཧལ་(Pushpa Kamal Dahal)དང་།མཁན་ཆེན་རྣམ་གྲོལ་རིན་པོ་ཆེ། གཏེར་ཆེན་ཉི་གྲགས་མཆོག་སྤྲུལ་རིན་པོ་ཆེ། དགོན་འདི་གསར་བཞེངས་གནང་མཁན་ཤར་སྤྲུལ་དམ་ཆོས་རིན་པོ་ཆེ་སོགས་དབུ་བཞུགས་ཐོག་དགོན་པ་དབུ་འབྱེད་ཀྱི་མཛད་སྒོ་བསྐྱངས་ཡོད་པ་རེད།
དགོན་པ་དེ་ནི་བལ་ཡུལ་ཤར་པའི་ས་གནས་སུ་ཆགས་ཡོད་པ་དང་། བལ་ཡུལ་གྱི་ས་ཡོམ་གོད་ཆག་ཁྲོད་དགོན་པ་རྩ་གཏོར་བཏང་ནས་བསྐྱར་བཞེངས་མ་ཐུབ་པར་ལུས་ཡོད་པའི་སྐབས། དགོན་པའི་འབྲེལ་ཡོད་ཀྱིས་ཤར་སྤྲུལ་དམ་ཆོས་རིན་པོ་ཆེ་མཆོག་ལ་དགོན་གནས་དེར་སླར་ཡང་དགོན་པ་ཞིག་གསར་བཞེངས་གནང་རྒྱུའི་སྐྱབས་འཇུག་ཞུས་པ་བཞིན། ཁོང་གིས་ཐུགས་འགན་བཞེས་ནས་དགོན་པའི་རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད་ནས་ལེགས་པར་གྲུབ་ཡོད་པ་རེད།།
ས་གནས་ནས་སྤྱི་ཁྱབ་རྩོམ་སྒྲིག་པས།