བུ་མོ་ལོ་༤ ཅན་ཞིག་ལ་བཙན་གཡེམ་བྱས་པ།

ཟླ་འདིའི་ཚེས་༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བུ་མོ་ལོ་༤ ཡིན་པ་ཞིག་ལ་བཙན་གཡེམ་བྱས་པའི་གནས་ཚུལ་ཐོན་འདུག

དེ་ཡང་རྒྱ་གར་གྱི་དུས་བབ་ལས། ཉེན་རྟོག་པས་གནས་ཚུལ་དེ་དང་འབྲེལ་ནས་གཞོན་སྐྱེས་༣ འཛིན་བཟུང་བྱས་ཡོད་འདུག་ཀྱང། བུ་མོ་དེའི་ནང་མིའི་འབྲེལ་ཡོད་པའི་མི་གནས་ཚུལ་དེ་དང་འབྲེལ་བ་ཡོད་པར་དོགས་པ་བྱེད་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག
ས་གནས་ཉེན་རྟོག་པས་འགྲེལ་བརྗོད་བྱས་པ་ལྟར་ན། བུ་མོ་ཆུང་ཆུང་དེ་ནི་ལྡི་ལིའི་མེ་འཁོར་ལྕགས་ལམ་ཉེ་འཁོར་གྱི་དབུལ་གྲོང་ཞིག་ཏུ་ནང་མི་དང་མཉམ་པོར་སྡོད་ཀྱི་ཡོད་པ་དང་། མོ་རང་ལ་སྐམ་ཐུག་སྤྲད་ནས་ས་ཐག་རིང་སར་མགོ་སྐོར་བསླུ་བྲིད་བྱས་ཏེ། བཙན་གཡེམ་བྱས་ཡོད་འདུག མོས་ངུ་སྐད་བརྒྱབ་སྐབས་ཁ་བཀག་ཆེད་མཇིིང་པ་བཙིར་པ། དེ་བཞིན་མཇིང་པ་དང་མོ་མཚན་ལ་གྲིས་གཤགས་ནས་ཤི་བ་རེད་བསམ་ནས་རྩ་གསེབ་ལ་གཡུགས་ཡོད་འདུག

ད་ལྟའི་ཆར་བུ་མོ་དེ་སྨན་ཁང་དུ་ཛ་དྲག་ལྟ་སྐྱོང་འོག་ཡོད་པ་དང། སྨན་པས་མོ་རང་གི་གཟུགས་པོའི་ནང་གི་དབང་པོ་མང་ཆེ་བ། བཙན་གཡེམ་ཐེངས་མང་བྱས་པའི་རྐྱེན་གྱིས་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་སྐོར་བཤད་འདུག
རྒྱ་གར་ནང་དང་ལྷག་པར་དུ་རྒྱལ་ས་ལྡི་ལིར། བུད་མེད་ལ་བཙན་གཡེམ་ཙམ་མ་ཟད་བསམ་ཡུལ་ལས་འདས་པའི་དྲག་གནོན་བྱས་པའི་གནས་ཚུལ་བསྟུད་མར་ཐོན་གྱི་ཡོད་པ་རེད། ཕྱི་ལོ་༢༠༡༢ ལོར་བུད་མེད་སློབ་ཕྲུག་ཞིག་ལ་མི་མང་པོས་བཙན་གཡེམ་བྱས་པ་མ་ཟད། མོ་རང་གི་མཚན་མའི་ནང་དུ་ལྕག་ཧྲེང་བཅུག་པ་སོགས་བྱས་ནས་ཚེ་སྲོག་ཤོར་བས། ལུང་པའི་ཕྱོགས་གང་སར་ངོ་རྒོལ་ཤུགས་ཆེན་བྱས་ཏེ། བཙན་གཡེམ་གྱི་ཉེས་པ་ཆེ་རུ་བཏང་ཡོད་ཀྱང། བུད་མེད་ཀྱི་བདེ་འཇགས་ལ་ཡར་རྒྱས་ཀྱི་རྣམ་པ་མེད་པ་དང། ཕྱི་ལོ་༢༠༡༤ ཕྱི་ཟླ་༡༢ ནང་ལྡི་ལིའི་ཉེན་རྟོག་པས་བཏོན་པའི་ཐོ་གྲངས་ཤིག་ལ། ཕྱི་ལོ་༢༠༡༣ ནས་༢༠༡༤ བར་ལ་བུད་མེད་ལ་བཙན་གཡེམ་བྱས་པའི་གནས་ཚུལ་གྲངས་༡༥༧༡ ནས་༢༠༦༩ ལ་འཕར་འདུག

དེ་བཞིན་ལོ་འདིའི་ཕྱི་ཟླ་༧ པའི་ནང་ཉེན་རྟོག་པས་མི་ཞིག་འཛིན་བཟུང་བྱས་པའི་ཁྲོད། མི་དེས་ལྡི་ལི་དང་དེའི་ཉེ་འགྲམ་གྱི་ས་གནས་ཁག་ནས། ཕྲུ་གུ་༣༠ ལ་བཙན་གཡེམ་དང་སྲོག་གཅོད་བྱས་པར་ངོས་ལེན་བྱས་ཡོད་པ་རེད།།
སྐལ་བཟང་དོན་གྲུབ།