བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དེ་འཕྱི་མ་དྲགས་ན་སྔ་དྲགས་མི་འདུག་ཅེས་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་༢༡ ནས་ཉིན་གསུམ་རིང་དྷ་ས་བོད་གཞུང་སྨན་རྩིས་ཁང་གི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོའི་མཛད་སྒོ་འཚོགས་བཞིན་ཡོད་པ་རེད།
ཉིན་དང་པོའི་ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཚོགས་འདུར་ཆེད་དུ་གདན་འདྲེན་ཞུས་པའི་གསུང་བཤད་གནང་མཁན་བཀའ་ཟུར་དང་ལས་ཟུར། གཞན་གནད་ཡོད་མི་སྣ་བཅས་གསུང་བཤད་གནང་མཁན་མི་༡༠ དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་ས་གནས་འགོ་འཛིན་༣༢ ། གཞན་ཡང་དགོན་སྡེ་དང་། སློབ་གྲྭ་ཁག གཞུང་འབྲེལ་དང་གཞུང་མ་ཡིན་པའི་ཚོགས་པ་སོགས། ས་གནས་ཁག་༥༣ ནས་ཚོགས་ཞུགས་མི་སྣ་༡༦༦། མཐོ་སློབ་ཁག་༢༣ ནས་ཚོགས་ཞུགས་མི་སྣ་༩༩ དང་། གོ་སྒྲིག་བྱེད་མཁན་དང་དེའི་ཁོངས་ཀྱི་ཚོགས་བཅར་བ་བཅས་ཁྱོན་མི་གྲངས་༣༤༨ ཙམ་འཛོམས་འདུག
ཚོགས་འདུའི་སྐབས་ཐོག་མའི་ཉིན་གཉིས་ཀྱི་རིང་ལ་ཚོགས་ཐུན་རེར་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་བྱེད་རྒྱུ་དང་། དེ་ནས་ཚོགས་ཆུང་ཆ་བགོས་ཀྱིས་ཤེས་ཡོན་དང་། འཕྲོད་བསྟེན། དཔལ་འབྱོར། འཛིན་སྐྱོང་དང་འགོ་ཁྲིད་བཅས་ཀྱི་ཐོག་གྲོས་བསྡུར་བྱས་ཏེ། ཚོགས་ཆུང་སོ་སོའི་སྙན་ཐོ་སྒྲོགས་སྦྱང་བྱེད་རྒྱུ་ཡིན་པ་རེད། ཟླ་འདིའི་ཕྱི་ཚེས་༢༣ ཉིན་ཚོགས་བཅར་བ་རྣམས་ཀྱིས་༧གོང་ས་མཆོག་ལ་མཇར་བཅར་ཞུ་རྒྱུ་རེད་འདུག
དེ་ཡང་ཐོག་མར་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་ཚོགས་ཆེན་ངོ་སྤྲོད་དང་འབྲེལ་ནས་ཚོགས་ཆེན་འཚོགས་པའི་དགོས་དམིགས་ཀྱི་སྐོར་ལ་གསུང་བཤད་གནང་དོན་དུ། “ང་རང་ཚོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལ་ཡོད་པ་གཞིར་གཟུང་། ཕྱི་ལོ་༢༠༠༨ ལོར་བཀའ་ཤག་སྐབས་༡༣ པས་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དེ་གལ་ཆེན་པོ་ཞིག་ལ་དགོངས་བཞེས་གནང་ནས། སྲིད་ཇུས་དོན་ཚན་༨ གཏན་འབེབས་གནང་ནས་ད་ཕལ་ཆེར་ལོ་༩ ཙམ་ཕྱིན་པ་རེད། དེའི་སྐབས་སྲིད་ཇུས་གཏན་འབེབས་གནང་བ་དེ་ཡང་ཕྱི་ནང་གཉིས་སུ་གནོན་ཤུགས་ཡོད་མེད་ལ་མ་ལྟོས་པར། སྤྱི་ཚོགས་ཀྱི་དགོས་མཁོ་རང་ལ་གཟིགས་ནས། སྲིད་ཇུས་གཏན་འབེབས་གནང་བའི་གནས་སྟངས་ཤིག་ཆགས་ཡོད་རེད། བཀའ་ཤག་སྐབས་༡༥ པའི་ལས་ཡུན་རིང་ལ་དེ་སྔོན་གཏན་འབེབས་གནང་བའི་སྲིད་ཇུས་དེ་གཞིར་བཟུང་གི་སྤྱི་ཚོགས་ཀྱི་གནས་སྟངས་དང་། དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན་ནས་དེའི་ཐོག་སྣོན་འཕྲི་གནང་དགོས་པ་གང་ལ་གང་འཚམ་ཞིག་གནང་ཡོད་རེད། དེ་གནང་བའི་ཕྱིར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཡོད་པའི་བུད་མེད་འགན་འཁུར་གནང་མཁན་ཟུང་དྲུང་དང་། དྲུང་འཕར་ཡན་ཆད་ཀྱི་བུད་མེད་ཚོས་བུད་མེད་ཀྱི་ལྷན་ཚོགས་ཤིག་ཟུར་དུ་གནང་ནས། སྐབས་༡༣ པའི་སྲིད་ཇུས་གཏན་འབེབས་གནང་བ་དེའི་ཐོག་ལ་སྣོན་འཕྲི་ག་རེ་ག་རེ་གནང་དགོས་པ་ཚང་མ་འཆར་གཞི་བསྒྲིགས་ནས་བཀའ་ཤག་ལ་ཕུལ་བ་རེད། བཀའ་ཤག་ནས་དཔལ་ལྡན་སྲིད་སྐྱོང་དབུ་བཞུགས་ཐོག དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་ལེགས་བཅོས་གནང་དགོས་པ་ཚང་མ་གནང་གྲུབ་ནས། ཉེ་ཆར་ཕྱི་ཟླ་༢ པའི་ཕྱི་ཚེས་༢ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྲིད་ཇུས་གང་གཏན་འབེབས་བཟོས་པ་དེ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་རེད། སྲིད་ཇུས་གང་གཏན་འབེབས་བཟོས་པ་དེ་ལག་ལེན་བསྟར་ཕྱོགས་ཀྱི་ཐོག་ལ་ད་ཐེངས་ཚོགས་ཆེན་ཞིག་བསྐོང་འཚོགས་གནང་ན་ཟེར་ནས་འདི་འདྲ་བྱུང་བ་རེད་”ཅེས་གསུངས་པ་དང་། གཞན་ད་དུང་ཁོང་གིས་གཟུགས་པོའི་གྲུབ་ཆའི་ཐོག་ནས་ཕོ་མོ་གཉིས་ལ་ཁྱད་པར་ཡོད་པ་ལས། གཞན་སྲིད་པ་ཆགས་ནས་བཟུང་སྤྱིར་བོད་པའི་སྤྱི་ཚོགས་སུ་ཕོ་མོ་དབྱེ་འབྱེད་ཀྱི་དཀའ་ངལ་ཧ་ལམ་མེད་སྐོར་དང་། བོད་ནང་ལ་གཞིར་བཞག་ནས་བཤད་ན་ས་ཁུག་ལུང་ཁུག་ཁག་ཅིག་ནང་ཁྱོ་གས་སྐྱེས་དམན་ལ་ཉེས་བརྡུང་ཚད་མེད་བཏང་བ་དང་། ནང་གི་དབང་ཆ་མ་སྤྲད་པ་ལྟ་བུ་ཕྲ་ལ་ཕྲན་བུ་ཡོང་གི་ཡོད་པ་དེ། སྤྱི་ཚོགས་ཀྱི་གནས་སྟངས་མ་ཤེས་པ་དང་། ཡུལ་ལུང་སོ་སོའི་གོམས་གཤིས་ངན་པ་ཞིག་ལས། གཞན་ང་རང་ཚོ་བོད་མིའི་སྤྱི་ཚོགས་ནང་ཆོས་དང་འཇིག་རྟེན་གཉིས་ཀྱི་ཁྲིམས་སྒྲིག་གཞིའི་ལམ་ལུགས་ཞིག་གི་ཐོག་ནས་གཏན་འབེབས་བཟོས་པ་ཞིག་གཏན་ནས་མེད་སྐོར་སོགས་གསུངས་སོང་།
དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེས་ཚོགས་ཆེན་དབུ་འབྱེད་ཀྱི་གསུང་བཤད་གནང་དོན་དུ། “གཞི་རྩའི་ད་ཐེངས་ཀྱི་ཚོགས་འདུ་འདི་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་ཚོགས་འདུ་ཞིག་ཡིན་ན་ཡང་། སྡིངས་ཆའི་སྒང་ལ་སྡོད་མཁན་ཆ་ཚང་འདྲ་པོ་ཞིག་སྐྱེས་པ་ཆགས་བསྡད་ཀྱི་རེད་བསམ་པ་ཞིག་ཁ་སང་ནས་ངའི་བསམ་བློའི་ནང་འཁོར་སོང་། དེ་རིང་ང་གནོངས་ཏོག་ཙམ་ཡོད་པའི་ཐོག་ནས་འདིར་སླེབས་བསྡད་ཡོད། དེ་ག་རང་རེད་བཞག ཡང་འདི་ནས་མར་མདུན་ལ་བལྟས་དུས་ཀྱང་། མདུན་ལ་བཞུགས་མཁན་གྱི་ས་གནས་འགོ་འཛིན་རྣམ་པ་མང་ཆེ་བ་སྐྱེས་པ་རང་ཆགས་བསྡད་འདུག དེར་བརྟེན་བཀའ་ཤག་གི་ངོས་ནས་བུད་མེད་ཀྱི་ནུས་སྟོབས་སྤེལ་དགོས་འདུག་ཟེར་བ་དེ་དངོས་གནས་འཕྱི་མ་དྲགས་ན་སྔ་དྲགས་མི་འདུག་བསམ་བསམ་ཞིག་ཚོར་སོང་།”ཞེས་དང་། དེ་བཞིན་ཁོང་གིས་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ལས་གཞི་དེ་༧གོང་ས་མཆོག་གི་དགོངས་གཞི་དང་སྦྲེལ་ནས་“ཕྱི་རྒྱལ་ཁག་དང་རྒྱ་གར་ནང་ལོགས་བཅས་ནས་༧གོང་ས་མཆོག་གིས་བུད་མེད་དེ་གཞན་ལས་བྱམས་སྙིང་རྗེ་ཆེ་བ་ཡོད་པ་དང་། འགན་ཡིན་ན་ཡང་མང་བ་ཁུར་ཐུབ་མཁན་རེད་ཅེས་ག་དུས་ཡིན་ན་ཡང་དཔེ་དང་སྦྲགས་ནས་གསུང་གནང་པ་དེ། ༧གོང་ས་མཆོག་གནམ་གྲུ་ནང་ཕེབས་དུས་ཤིག་ལ་མཚན་གང་ཕྲུ་གུ་ཞིག་ངུ་བསྡད་ཀྱི་འདུག་ཟེར། ཕྲུ་གུ་ངུ་དུས་ཨ་མས་ག་དུས་ཡིན་ན་ཡང་བྱམས་པོ་བྱས་ནས་མཚན་གང་གཡོག་བརྒྱུགས་ནས། སང་ཉིན་ཞོགས་པར་ཨ་མའི་མིག་དམར་པོ་ཆགས་བསྡད་འདུག ཡིན་ན་ཡང་། པ་ལགས་མཚན་གང་པོར་གནམ་གྲུ་ནང་གཉིད་བསྡད་ཀྱི་འདུག་ཟེར། དེ་ཡིན་དུས་ཨ་མ་ལ་རང་བཞིན་གྱིས་བྱམས་སྙིང་རྗེ་དང་བརྩེ་བ་ཤུགས་ཆེ་བ་ཡོད་པ་དེ་ག་རང་གིས་བསྟན་གྱི་རེད་ཅེས་དང་། མ་ཟད། ༧གོང་ས་མཆོག་གིས་ཉེ་བའི་ཆར་བུད་མེད་ཀྱི་འགོ་ཁྲིད་བྱུང་ན་བུད་མེད་ཚོ་བྱམས་སྙིང་རྗེ་ཆེ་བ་ཡིན་དུས་ཡག་པ་ཡོང་གི་རེད། དུས་རབས་ཉི་ཤུ་པའི་ནང་ལ་དམག་འཁྲུག་མང་པོ་བྱུང་ནས་མི་གསོད་ཁྲག་སྦྱོར་བྱུང་བ་ཚང་མ་སྐྱེས་པ་འགོ་ཁྲིད་བསྡད་ནས་བྱུང་བ་ཡིན་དུས། དུས་རབས་༢༡ པའི་ནང་འཛམ་གླིང་གི་འགོ་ཁྲིད་བུད་མེད་བྱུང་ཐུབ་ན་ཞི་བདེ་ཡི་དུས་ཤིག་ཏན་ཏན་ཤར་གྱི་རེད་ཅེས་༧གོང་ས་མཆོག་གིས་ད་བར་བཀའ་གནང་བསྡད་དུས་རང་བཞིན་གྱིས། བཀའ་ཤག་སྐབས་༡༤ པ་ཡིན་ན་རེད། སྐབས་༡༥ པའི་སྐབས་ལ་ཡིན་ན་རེད། ༧གོང་ས་མཆོག་གིས་བཀའ་གནང་ན་འཕྲལ་དུ་ལག་བསྟར་བྱེད་དགོས་པ་ཞིག་ལ་ང་ཚོས་ངོས་འཛིན་ཞུ་ཡི་ཡོད། ༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་ལ་བཅར་སྐབས་༧གོང་ས་མཆོག་གིས་ཤེས་ཡོན་འཐུས་ཤོར་ཆེན་པོ་ཕྱིན་འདུག དེ་ང་ཚོས་བྱེད་ཐུབ་པ་ཞིག་རེད་ཅེས་གསུང་དུས། བཀའ་ཤག་སྐབས་༡༤ པར་ང་བཀའ་བློན་ཁྲི་པར་བདམས་པ་དང་། ཤེས་ཡོན་གལ་ཆེ་ཤོས་ཡིན་ཞེས་གལ་ཆེ་ཤོས་སུ་བརྩིས་ནས་འབད་བརྩོན་བྱེད་ཀྱི་ཡིན་ཞེས་ཞུ་དགོས་དོན་གཙོ་བོ་གཅིག་དེ་ག་རང་ཡིན། དེ་བཞིན་ཁ་སང་སྔོན་མར་བུད་མེད་ཀྱི་ཚོགས་ཆེན་སྐབས་ང་གཟིམས་ཆུང་མཇལ་ཁར་བཅར་སྐབས། ཁ་སང་བུད་མེད་ཁོ་རང་ཚོ་འདིར་གཅིག་ཕེབས་སོང་། དེ་དུས་མི་འབོར་འཕེལ་རྒྱས་ཡོང་བའི་ཕྱིར་དུ་ཅིག་བྱེད་རྒྱུ་མི་འདུག་པེ། མ་གཞི་ངས་འཛིན་སྐྱོང་དང་སྲིད་སྐྱོང་ལ་བཀའ་ཞིག་གནང་གི་ཡིན་ཞེས་གསུངས་ཡོད་ཅེས་༧གོང་ས་མཆོག་གིས་ང་ལ་བཀའ་གནང་སོང་། བཀའ་གནང་བ་དང་ཕྲུ་གུ་གསུམ་པ་སྐྱེ་བ་ཡིན་ན་དེར་དམིགས་བསལ་གྱི་མཐུན་རྐྱེན་སྦྱར་རྒྱུ་དེ་འཛིན་སྐྱོང་གི་འགན་ཡིན་པས། ཕྲུ་གུ་གསུམ་པ་སྐྱེ་མཁན་གྱི་ཕ་མ་ཚོར་དཔལ་འབྱོར་དང་ཤེས་ཡོན་འཕྲོད་བསྟེན་སོགས་ཀྱི་ཐོག་ནས་མཐུན་རྐྱེན་དམིགས་བསལ་སྦྱར་རྒྱུ་བཟོས་ཡོད། གཙོ་བོ་ཞུ་རྒྱུ་དེ་༧གོང་ས་མཆོག་གིས་བཀའ་ག་རེ་གནང་ན་དེ་བསྒྲུབ་རྒྱུར་ང་ཚོས་འབད་བརྩོན་ཞུ་མུས་ཡིན་ཞུ་རྒྱུ་དེ་ཡིན། ”ཞེས་སོགས་གསུངས་སོང་ལ། ཡང་ཁོང་གིས་ལོ་སར་གྱི་མཚམས་འདི་ལ་ཚ་ཚ་འུར་འུར་གྱིས་ཚོགས་འདུ་འདི་འཚོགས་དགོས་པར་རྒྱུ་མཚན་དུ་ཕྱི་རྒྱལ་གྱི་རོགས་ཚོགས་དང་། དེ་བཞིན་་ཕྱི་ཟླ་༣ པའི་ཕྱི་ཚེས་༡༢ དེ་བུད་མེད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་གཏན་འབེབས་བྱུང་ཡོད་དུས་དེའི་སྔོན་དུ་འཚོགས་འདུ་འདི་འཚོགས་ནས། བུད་མེད་ནུས་སྟོབས་གོང་སྤེལ་གྱི་ལས་གཞི་འདི་ལག་བསྟར་བྱེད་སྟངས་ཀྱི་ཐོག་ལ་འཚོགས་འདུ་འཚོགས་ཐུབ་པ་བྱུང་ན་དགེ་མཚན་ཆེ་བ་ཡིན་སྐོར་སོགས་གསུངས་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མིའི་ཆབ་སྲིད་ཐེ་བའི་སྤྱི་ཚོགས་ཀྱི་བྱ་གཞག་ཚང་མའི་ཐོག་བུད་མེད་ཀྱི་ནུས་པ་དང་འགན་འཁུར་མཉམ་སྤུངས་ཐུབ་པའི་ཁོར་ཡུག་བསྐྲུན་རྒྱུ་དེ་ཡིན་པ་དང་། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་མ་ལག་བཅས་པའི་ལས་བྱེད་ཁྱོན་ཡོངས་ཀྱི་བརྒྱ་ཆ་༤༥ བུད་མེད་དང་། ཤེས་རིག་དང་འཕྲོད་བསྟེན་ཁྱབ་ཁོངས་སོ་སོའི་ནང་ལས་བྱེད་ཀྱི་བརྒྱ་ཆ་༤༨ དང་༦༠ སོ་སོ་བུད་མེད་ཡིན་པ་རེད། ཉེ་སྔོན་ལས་བྱེད་གསར་བསྡུ་བྱས་ཁོངས་བརྒྱ་ཆ་ལྔ་བཅུ་ལྷག་བུད་མེད་ཡིན་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྲིམས་སྒྲིག་གང་དུ་ཡང་ཕོ་མོའི་དབྱེ་བ་མེད་པ་དང་། ལས་ཀའི་གོ་སྐབས་དང་གླ་ཕོགས་སོགས་ཀྱི་མཐུན་རྐྱེན་ཁག་ཀྱང་གཅིག་མཚུངས་འཐོབ་བཞིན་ཡོད་སྐོར་ཡང་གོ་སྒྲིག་པས་བསྒྲགས་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།