བུད་མེད་ཅིག་ལ་གཉེན་ཟླ་མ་རག་ཀྱང་གཉེན་སྟོན་གྱི་པར་ལེན་མཛད་སྒོ་འཚོགས་ཡོད་འདུག

ཡུལ་གྲུ་ཁག་ཅིག་ནང་ཆང་ས་མ་བརྒྱབ་སྔོན་དུ་གཉེན་སྟོན་གྱི་པར་ལེན་མཛད་སྒོ་འཚོགས་ཀྱི་ཡོད་པ་ལྟར། ཐའེ་ཝན་ནང་བུད་མེད་ཅིག་ལ་གཉེན་ཟླ་མ་རག་ནས་མོས་ཁེར་རྐྱང་ངང་གཉེན་སྒྲིག་པར་ལེན་གྱི་མཛད་སྒོ་འཚོགས་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༡ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་ནང་བུད་མེད་ཁུ་མིས་ཆེན་ཟེར་བ། རང་ལོ་༢༨ ལ་སོན་ཞིང་ནུ་མ་གཅོང་ནད་ཀྱི་ན་ཚ་ཡོད་མཁན་ཞིག་ཡོད་པ་དང་། མོ་ལ་ད་བར་ཁྱོ་ག་མ་རག་ནས་ཁེར་རྐྱང་ཡིན་པའི་དཀའ་སྡུག་ཡོད་ཀྱང་། ཆང་ས་མ་བརྒྱབ་སྔོན་དུ་གཉེན་སྒྲིག་པར་ལེན་མཛད་སྒོ་བྱ་རྒྱུ་མོ་རང་གི་འདོད་འདུན་དེ་གཞོམ་མ་ཐུབ་པར། ཁེར་རྐྱང་ངང་གཉེན་སྒྲིག་སྔོན་གྱི་པར་ལེན་མཛད་སྒོ་བྱས་ཡོད་འདུག

དེ་ཡང་མོས་ཐའེ་ཝན་གྱི་སྦི་སྦི་སི་གསར་འགོད་པ་སིན་ཌིས་སུའུ་ལ་བརྗོད་དོན་དུ།“ངས་རྟག་པར་ང་རང་གི་འདོད་འདུན་སྐོང་མཁན་གྱི་མི་ཞིག་ཡོང་བ་དང་། ཆང་སའི་མཛད་སྒོའི་པར་ལེན་རྒྱུ་བཅས་ལ་སྒུག་པ་ཡིན། ད་ང་རང་གི་འདོད་འདུན་དེ་ང་རང་ཉིད་ཀྱིས་བསྐང་རྒྱུའི་ལམ་ཁ་བདམས་པ་ཡིན་” ཞེས་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།