བུད་མེད་ཉིན་མོ་དང་ཐོབ་ཐང་།

ཆེད་བརྗོད།

ཕྱི་ཟླ་༣ པའི་ཚེས་༨ ནི་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཡིན་པ་དང་། དུས་ཆེན་འདི་ནི་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་སྲུང་བརྩི་བྱེད་པའི་ལུགས་སྲོལ་དར་ཡོད། བོད་པའི་ཁ་རྒྱུན་དུ་བུད་མེད་གནམ་གྱི་ཕྱེད་ཀ་ཡིན་ཟེར་སྲོལ་ཡོད་པ་བཞིན། གནའ་སྔ་མོའི་དུས་སུ་འཛམ་གླིང་གི་ཡུལ་གྲུ་མང་པོ་ལས་བོད་ཀྱི་བུད་མེད་རྣམས་ཐོབ་ཐང་དང་ཆེ་མཐོང་ཆེ་བ་ཡོད། ཡུལ་དུས་གནས་བབས་དང་ཁོར་ཡུག་གང་ཐད་ནས་བུ་དང་བུ་མོ་གཉིས་ནུས་པ་གཅིག་མཚུངས་ཡིན་མིན་གྱི་ཁྱད་པར་བྱུང་ཡོད་ཅིང་། གནའ་བོའི་དུས་སུ་རྒྱལ་ཁབ་དང་ཡུལ་སྡེ་གང་ཡིན་ཡང་གཙོ་བོ་དམག་དང་དཔུང་གི་སྟོབས་ལ་བརྟེན་ནས་སྐྱོང་དགོས་པ་དང་། དམག་དོན་གྱི་ཐོག་ནས་སུ་སྟོབས་ཤུགས་ཆེ་བ་ཡོད་ན་དེ་ཡུལ་དེའི་རྒྱལ་པོའམ་བདག་པོར་འགྱུར་རྒྱུ་སྨྲོས་མེད་རེད། ད་ལྟའི་དུས་ཚོད་དང་མི་འདྲ་བར་འཕྲུལ་ཆས་ཡར་རྒྱས་སོང་མེད་པས་གཟུགས་པོའི་སྟོབས་ཤུགས་ཀྱི་ཐོག་ནས་བུད་མེད་ལས་སྐྱེས་པ་ཆེ་བ་ཡོད་པ་བཤད་མི་དགོས་པས། སྐབས་དེའི་ཡུལ་སྡེ་སྐྱོང་རྒྱུ་དང་ཉེན་ཁ་ཆེ་ཤོས་དག་སྐྱེས་པས་གདོང་ལེན་མི་བྱེད་ཐབས་མེད་དུ་གྱུར་ཡོད།

བུད་མེད་རེ་ཟུང་བུ་ལས་དཔའ་ངར་ལྡན་པ་བྱུང་བའི་ལོ་རྒྱུས་ཡོད་ཀྱང་། རྒྱ་ཆེ་ས་ནས་བལྟས་ན་ཁྱད་པར་ཆེན་པོ་ཡོད། ཆེད་དུ་བགོ་བཤའ་བརྒྱབ་པ་མིན་ཡང་དམག་འཁྲུག་དང་། རྐུན་ཇག ར་མདར་རྒྱུག་པ་སོགས་གཙོ་བོ་སྐྱེས་པའི་འགན་ཁུར་དང་། ཁྱིམ་ཚང་སྐྱོང་རྒྱུའི་འགན་དེ་གཙོ་བོ་བུད་མེད་རྣམས་ཀྱིས་ཁུར་ཡོད། བོད་ལ་མཚོན་ན་ཤེས་ཡོན་སློབ་སྦྱོང་གི་ཐོག་ནས་གཙོ་བོ་སེར་མོ་བས་སློབ་སྦྱོང་བྱེད་པ་ལས། མི་སྐྱ་སློབ་སྦྱོང་བྱེད་མཁན་ཧ་ཅང་དཀོན་ལ། མི་སྐྱའི་ནང་དུའང་སྐྱེས་པ་ལས་སློབ་སྦྱོང་བྱེད་མཁན་བུད་མེད་ཉུང་བ་ནི་སྨྲོས་མི་དགོས་པ་ལྟ་བུར་གྱུར་ཡོད། དེ་ནི་ཆེད་དུ་དབང་བསྒྱུར་དང་གནའ་གནོན་བྱ་རྒྱུའི་འཆར་གཞི་དང་སྲིད་བྱུས་བཟུང་ནས་བུད་མེད་ལ་ཐོབ་ཐང་འཕྲོགས་པ་ཞིག་གཏན་ནས་མིན་པར། ཡུལ་དུས་གནས་སྟངས་དང་ཁོར་ཡུག་གི་ཁྱད་པར་ལ་བརྟེན་ནས་བྱུང་ཡོད། འདས་པའི་ལོ་རྒྱུས་ཀྱི་གནས་བབས་ལ་བསྐྱར་ཞིབ་བྱེད་དུས་སྐབས་དེའི་གནས་སྟངས་དང་ཁོར་ཡུག་ལ་བལྟ་དགོས་པ་ལས། ད་ལྟའི་གནས་སྟངས་ལ་བརྟེན་ནས་འདས་པའི་ལོ་རྒྱུས་ལ་བསྡོམས་རྒྱག་མི་རུང་།

ཚན་རིག་དང་འཕྲུལ་ཆས་དར་རྒྱས་རྩེ་མོར་སོན་པའི་ད་ལྟའི་དུས་རབས་འདིར། ལུས་ཀྱི་ཤེད་ཤུགས་ཁོ་ན་ལ་བརྟེན་ནས་བསྒྲུབ་དགོས་པའི་ལས་དོན་ཧ་ཅང་ཉུང་ལ། དམག་འཁྲུག་ཀྱང་འཕྲུལ་ཆས་ལ་བརྟེན་ནས་བྱེད་པ་ལས་ཤེད་ཤུགས་ཁོ་ན་ལ་བརྟེན་མི་དགོས་པའི་དུས་འདིར། སྐྱེས་པ་ལས་བུད་མེད་བློ་རིག་མྱུར་བ་དང་། སྐྱེས་པ་ལས་བུད་མེད་བྱམས་སེམས་ཆེ་བ་སོགས་བུད་མེད་ཀྱི་ནུས་པ་སྔར་ལས་ལྷག་པ་འདོན་རྒྱུའི་དུས་ཚོད་ཅིག་ཡིན་པ་མ་ཟད། ཤེས་ཡོན་གྱི་ཐོག་ནས་ཀྱང་འདྲ་མཉམ་ཡིན་པ་མ་ཟད། ལས་དོན་མང་པོའི་ཐོག་སྐྱེས་པ་ལས་བུད་མེད་ནུས་ཤུགས་ཆེ་བར་གྱུར་ཡོད་པས། འདས་པའི་ལོ་རྒྱུས་དང་བསྡུར་ན་ད་ལྟ་བུད་མེད་ཀྱི་དུས་རབས་ཞེས་བརྗོད་ཀྱང་མི་འོས་པ་མེད་པ་ལྟ་བུར་གྱུར་འདུག དེར་བརྟེན་བོད་མི་རྣམས་ཀྱི་ངོས་ནས་ཀྱང་དུས་ཚོད་འདིར་བུད་མེད་ཀྱི་ནུས་པ་ངོས་འཛིན་གསལ་པོ་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད་པས། ཁོར་ཡུག་དང་གོ་སྐབས་ལ་བསྟུན་ནས་ནུས་པ་འདོན་ཐུབ་པའི་ཐབས་ཤེས་དགོས་པ་ལས། “ངས་ཟ་མ་བཟོ། ཁྱོད་ཀྱིས་སྣོད་ཆས་ཁྲུས་”ཞེས་པ་ལྟ་བུས་ཕན་ཐོགས་མེད།

ད་ལྟའི་དུས་འདིར་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་ཞེས་པ་དང་། དེ་དང་འབྲེལ་བའི་ལས་འཆར་མང་པོ་ཞིག་ཡོད་ཀྱང་། དེ་ལ་བརྟེན་ནས་བུད་མེད་སྣེ་ཁྲིད་པ་མང་པོ་ཐོན་རྒྱུར་ནུས་པ་དེ་ཙམ་ཐོན་ཐུབ་མེད། གལ་སྲིད་བུད་མེད་རྣམས་ཀྱི་ངོས་ནས་བུད་མེད་ལ་ཐོབ་ཐང་གིས་མ་འདེང་པའི་ལྟ་ཚུལ་ཡོད་པའམ། དེ་དང་འབྲེལ་བའི་རྩོད་ལེན་བྱེད་དགོས་པའི་བསམ་ཚུལ་ཡོད་ན་མི་འོས་པ་མེད་ལ། སྐྱེས་པས་བུད་མེད་ལ་ཐོབ་ཐང་མ་སྤྲད་པའི་གནས་ཚུལ་ཡོད་ན་ཐོག་མ་སྐྱེས་པས་བསམ་ཤེས་ལ་བརྟེན་ནས་བུད་མེད་རྣམས་ལ་རྒྱབ་སྐྱོར་དང་གཞོགས་བྱེད་པའི་ཐབས་ཤེས་བྱེད་དགོས་པ་དང་། དེ་ལྟར་མ་བྱས་ན་ཁ་གཏད་གདོང་ལེན་གྱི་ཐོག་ནས་རྩོད་ལེན་བྱས་ཀྱང་མི་འགྲིག་པ་མེད། འོན་ཀྱང་ཞིབ་ཏུ་བསམ་བློ་གཏོང་དགོས་པ་ཞིག་ལ་བུད་མེད་ཀྱི་ནུས་པ་ཐོན་ཐུབ་པར། སྐྱེས་པས་རྒྱབ་སྐྱོར་ཁོ་ན་ལ་བརྟེན་ནས་ཡོང་ཐུབ་པ་ཞིག་གཏན་ནས་མིན་པར། དཔེར་ན་འོས་འཚམས་ཡོད་པའི་བུད་མེད་ཅིག་གིས་འགོ་ཁྲིད་དུ་འོས་འགྲན་བྱེད་བཞིན་ཡོད་ན་བུད་མེད་རྣམས་ཀྱིས་ཀྱང་དེ་ལ་རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེན་པོ་ཡིན།

མདོར་ན་ད་བར་བུད་མེད་ཀྱིས་བུད་མེད་ལ་རྒྱབ་སྐྱོར་གྱི་འོས་འཕེན་པ་སོགས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དཀོན་པ་དང་། གལ་སྲིད་བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་མེད་པའི་བསམ་ཚུལ་ཡོད་མཁན་ཞིག་ཡིན་ན། ཨང་དང་པོ་བུད་མེད་ཀྱིས་བུད་མེད་ལ་རྒྱབ་སྐྱོར་ཚད་མཐོ་བྱ་རྒྱུའི་བསམ་བློ་ག་དུས་སླེབས་ཀྱང་། དེ་དུས་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་སོང་བའི་རྟགས་རེད། གཞན་ནང་ལས་ཙག་ཙིག་བགོ་བཤའ་བརྒྱབས་པ་ཙམ་དང་། བུད་མེད་རྣམས་ཀྱིས་ཆང་རག་འཐུང་རྒྱུ་དང་། ཐ་མག་འཐེན་རྒྱུ་ཙམ་གྱི་ཐོག་ནས་སྐྱེས་པ་དང་ཐོབ་ཐང་གཅིག་མཚུངས་རག་ཀྱང་དོན་དུ་ཕན་ཐོགས་དེ་ཙམ་མེད། ཆབ་སྲིད་དང་། དཔལ་འབྱོར་སོགས་གང་ཐད་ནས་བུད་མེད་སྣེ་ཁྲིད་པ་མང་ཙམ་ཞིག་སླེབས་ཐུབ་ན་ཕན་ཐོགས་དང་ནུས་པ་ཐོན་ཐུབ་པ། གཞན་ད་ལྟའི་སྐབས་སུ་ནུབ་ཕྱོགས་པའི་བསམ་བློ་གཏོང་སྟངས་དང་། དེའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་བརྟེན་ནས་བཟོས་པའི་ཤུགས་རྐྱེན་དག་བོད་པའི་སྤྱི་ཚོགས་ནང་སླེབས་པ་ཙམ་གྱིས་བུད་མེད་ཀྱི་ནུས་སྟོབས་འཕེལ་སོང་བ་ཞིག་གང་ཡང་མ་རེད་སྙམ།།

Share this:

Leave a Reply