བུད་མེད་ཉེན་རྟོག་པ་ཞིག་དང་སྐྱེས་པ་ཞིག་གི་དཔའ་ངར་ལ་མི་མང་གི་བསྟོད་བསྔགས།

ཉེ་ཆར་ཨོ་སི་ཁྲོ་ལིའི་ཡའི་ནང་མི་གསོད་དོན་རྐྱེན་ཚབས་ཆེན་ཞིག་བྱུང་ཡོད་འདུག་པ་དང་། དོན་རྐྱེན་དེའི་ཁྲོད་མི་མང་པོའི་ཚེ་སྲོག་ཤོར་ཡོད་འདུག འོན་ཀྱང་། སྟབས་ལེགས་པ་ཞིག་ལ་ཉེན་རྟོག་པ་བུད་མེད་གཅིག་དང་སྐྱེས་པ་ཞིག་གི་དཔའ་ངར་ལ་བརྟེན་ནས་ལག་དམར་བ་དེ་མེ་མདའ་བརྒྱབས་ནས་བསད་ཡོད་འདུག་པར་བརྟེན། ཁོང་གཉིས་ཀྱི་དཔའ་ངར་ལ་མི་མང་གིས་བསྟོད་བསྔགས་བྱེད་བཞིན་ཡོད་འདུག
ཕྱི་ཚེས་ ༡༥ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་ཚུལ་ལྟར་ན། ཉེ་ཆར་གཟའ་སྤེན་པའི་ཉིན་ཨོ་སི་ཁྲོ་ལི་ཡའི་ནང་ཡོད་པའི་དེང་རབས་ཀྱི་ཁང་བརྩེགས་མཐོན་པོ་ཅན་གྱི་ཚོང་ཁང་ཞིག་ནང་སེམས་ནད་ཅན་གྱི་མི་ཞིག་གློ་བུར་དུ་ཡོང་ནས་མི་དྲུག་ལ་གྲི་བརྒྱབས་ནས་བསད་ཡོད་འདུག་པ་དང་། བསད་པ་དག་ནི་བུད་མེད་དང་ཕྲུ་གུ་རྐྱང་རྐྱང་ཡིན་འདུག་ལ། མི་༡༢ ཙམ་རྨས་ཡོད་འདུག དོན་རྐྱེན་དེ་གློ་བུར་དུ་བྱུང་ཡོད་འདུག་པར་བརྟེན་ཨོ་སི་ཁྲོ་ལི་ཡ་རྒྱལ་ཡོངས་ནང་མི་མང་རྣམས་ཞེད་སྣང་ཆེན་པོ་བྱུང་ཡོད་འདུག འོན་ཀྱང་། དོན་རྐྱེན་དེ་འབྱུང་དུས་སྟབས་ལེགས་པ་ཞིག་ལ། ཧྥ་རན་སི་ནས་ཡིན་པའི་སྐྱེས་པ་(Damien Guerot)ཟེར་བ་ཞིག་གིས་མི་གསོད་ལག་དམར་བ་དེ་གློག་གི་སྐས་འཛེག་ཐོག་ནས་ཁང་ཐོག་ཏུ་ཡོང་དུས་ལམ་བར་ནས་བཀག་སྟེ་ཁང་ཐོག་ཏུ་ཡོང་མ་བཅུག་པར་བརྟེན། སྐབས་དེ་དུས་ཉེན་རྟོག་པ་དུས་ཐོག་ཏུ་བསླེབས་ཐུབ་ཡོད་མི་འདུག་ཀྱང་། སྐྱེས་པ་དེ་ཡི་དཔའ་ངར་ལ་བརྟེན་ནས་མི་གསོད་ལག་དམར་བ་དེ་འགོག་སྲུང་ཡག་པོ་བྱེད་ཐུབ་ཡོད་པའི་རྐྱེན་གྱིས་མི་མང་པོ་ཞིག་ཉེན་ཁའི་གནས་ལས་སྐྱོབ་ཐུབ་ཡོད་འདུག

དེའི་རྗེས་ས་གནས་བུད་མེད་ཉེན་རྟོག་པ་(Amy Scott)ཟེར་བ་ཞིག་གིས་མོ་རང་གཅིག་པོ་ཡིན་འདུག་ཀྱང་། ཐེ་ཚོམ་མེད་པར་རྒྱུགས་ཤིང་མི་གསོད་ལག་དམར་བ་དེ་ལ་མེ་མདའ་བརྒྱབས་ནས་དེ་མ་ཐག་ཏུ་རྐྱེན་ལམ་དུ་བཏང་ཡོད་འདུག་པར་བརྟེན། ཨོ་སི་ཁྲོ་ལི་ཡ་རྒྱལ་ཡོངས་ནང་ཉེན་རྟོག་པ་བུད་མེད་དེ་དང་ཧྥ་རན་སི་ནས་ཡིན་པའི་སྐྱེས་པ་དེ་གཉིས་ཀྱི་དཔའ་ངར་ལ་མི་མང་གིས་བསྟོད་བསྔགས་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། ཧྥ་རན་སི་ནས་ཡིན་པའི་སྐྱེས་པ་དེའི་མཐོང་མཆན་གྱི་དུས་ཡུན་རྫོགས་ལ་ཉེ་ཡོད་འདུག་ཀྱང་། མི་མང་ཚོས་ཁོང་ལ་ཨོ་སི་ཁྲོ་ལི་ཡའི་མི་སེར་ལག་འཁྱེར་སྤྲོད་འོས་པ་རེད་ཅེས་རྗོད་མཁན་མང་པོ་ཡོད་འདུག་ལ། ཁོང་གཉིས་ཀྱི་དཔའ་ངར་ལ་ཡི་རང་བསྔགས་བརྗོད་ཞུ་མཁན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱང་མང་པོ་བྱུང་ཡོད་འདུག དོན་རྐྱེན་བྱུང་རྗེས་ཧྥ་རན་སི་ནས་ཡིན་པའི་སྐྱེས་པ་(Damien Guerot)ཟེར་བ་དེ་ཡིས་གསར་འགོད་པ་ལ། ཁོང་དང་ཁོང་གི་གྲོགས་པོ་གཉིས་ལུས་སྦྱོང་ཁང་དུ་འགྲོ་དུས་ལམ་བར་ལ་ངུ་སྐད་ཆེན་པོ་ཞིག་གོ་བྱུང་བས། དེར་ལྟ་བར་འགྲོ་དུས་མི་ཞིག་གིས་ལག་ནང་གྲི་བཟུང་ནས་མི་རྣམས་ལ་གང་བྱུང་དུ་རྒྱག་གི་འདུག་པས། ཁོང་དང་ཁོང་གི་གྲོགས་པོ་གཉིས་མི་དེ་ལས་ཁང་པ་ཐོག་བརྩེགས་གཅིག་གི་སྒང་ལ་ཡོད་པར་བརྟེན། མི་གསོད་ལག་དམར་བ་དེ་ཁང་ཐོག་ཏུ་ཡོང་ཐབས་བྱེད་དུས་དེ་མ་ཐག་ཏུ་ཁོང་གཉིས་ཀྱིས་འགོག་ཐབས་བྱས་པ་ཡིན་ཞེས་བརྗོད་འདུག ཁོས་མི་དེ་འགོག་ཐབས་བྱེད་བཞིན་པའི་སྐབས་སུ་ཉེན་རྟོག་པ་བུད་མེད་དེ་ཡོང་ནས་དེ་མ་ཐག་ཏུ་མེ་མདའ་བརྒྱབས་ནས་ལག་དམར་བ་དེ་རྐྱེན་ལམ་དུ་བཏང་ཡོད་འདུག ཨོ་སི་ཁྲོ་ལི་ཡའི་སྲིད་བློན་(Anthony Albanese)ཡིས་བུད་མེད་ཉེན་རྟོག་པ་དེ་དང་སྐྱེས་པ་དེ་གཉིས་ལ་བསྔགས་བརྗོད་ཆེན་པོ་བྱས་ཡོད་འདུག དྲྭ་ཐོག་ཏུ་མི་མང་མང་པོས་ཧྥ་རན་སི་ནས་ཡིན་པའི་སྐྱེས་པ་དེ་ལ་ཆེ་བསྟོད་གཟེངས་རྟགས་སྤྲོད་དགོས་པའི་མཆན་འགོད་མཁན་ཡང་མང་པོ་ཡོད་འདུག མི་གསོད་ལག་དམར་བ་དེ་སེམས་ནད་ཅན་ཞིག་ཡིན་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།