བུད་མེད་རྩོམ་པ་པོ་ཞིག་གི་སྒྱུ་རྩལ་རྩོམ་རིགས་དེབ་ཕྲེང་གཉིས་པ།

ཟླ་འདིའི་ཚེས་༦ ཉིན་དྷ་ས་མེག་གྷན་དུ་བུད་མེད་རྩོམ་པ་པོ་བསམ་གླིང་ཚེ་རིང་ལྷ་མོས་བརྩམས་པའི་སྒྱུར་རྩལ་རྩོམ་རིགས་དེབ་ཕྲེང་གཉིས་པ་<<སྨུག་སྤྲིན་གྱིས་དྲངས་པའི་རྣམ་ཤེས་>> དང་། བྱིས་སྒྲུང་<<སྟག་ཕྲུག་གསེར་ཆུང་དང་གྲོགས་པོ་ཚོ་>> ཞེས་པ་གཉིས་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་ཡོད་པ་རེད།

image1ཉིན་དེའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁུངས་ཀྱི་བོད་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་པ་སྐལ་བཟང་མཁས་གྲུབ་ཀྱིས་བོད་ཀྱི་རྩོམ་རིགས་ཀྱི་ཁ་ཕྱོགས་དང་། བཙན་བྱོལ་ནང་གི་བུད་མེད་རྩོམ་པ་པོའི་འཕེལ་རིམ། རྩོམ་རིགས་ཀྱི་ཁ་ཕྱོགས་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད།

རྩོམ་པ་པོ་བསམ་གླིང་ཚེ་རིང་ལྷ་མོས་དེབ་འདོན་དགོས་པའི་དམིགས་ཡུལ་སྐོར་གསུང་དོན། “༧གོང་ས་རྒྱལ་བའི་དབང་པོ་ཐབས་ཅད་མཁྱེན་པ་མཆོག་གིས། བཀའ་སློབ་ག་དུས་གནང་ནའང་། རང་མི་རིགས་ཀྱི་སྐད་ཡིག་འདི་སྲུང་སྐྱོབ་བྱེད་དགོས་པ་དང་། བོད་ཀྱི་སྐད་ཡིག་འདི་འདྲ་འདྲའི་དཀྱིལ་ནས་མ་འདྲ་བ་ཞིག་ཡིན་ཞེས་བཀའ་སློབ་གནང་གི་ཡོད། དེའི་ཐོག་རང་ཉིད་ནི་ད་བར་ལོ་བཅུ་དགུ་ལྷག་ཙམ་དགེ་རྒན་གྱི་ལས་ཀ་བྱས་པའི་ཉམས་མྱོང་ནང་། བྱིས་པ་ཚོའ་དགོས་མཁོ་དང། ཁོང་ཚོའི་སེམས་ཀཥས་དང་མཐུན་པའི་ལས་ཀ་བྱེད་དགོས་པ་ཡིན་དུས། སྐད་ཡིག་གི་ཆེད་དུ་འཇོན་ཚད་དཔག་ཚོད་ཀྱི་ལས་ཀ་གང་ཐུབ་བྱེད་བཞིན་ཡོད་”ཅེས་གསུངས་སོང་།

image2རྩོམ་པ་པོ་བསམ་གླིང་ཚེ་རིང་དབང་མོ་ནི་༡༩༧༠ ལོར་ལྷ་ས་སྟག་རྩེ་རྫོང་ཁོངས་སུ་སྐྱེས་པ་དང་། རྗེས་སུ་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་སྟེ། ༡༩༩༦ ལོ་ནས་མ་སུ་རི་གཏན་སློབ་གཞི་རིམ་འོག་མའི་དགེ་རྒན་བྱེད་མུས་ཡིན་པ་རེད། ཁོང་གིས་དེ་སྔོན་སྙན་རྩོམ་དང་སྒྲུང་རྩོམ་གྱི་དེབ་གཅིག་དང་། བྱིས་པའི་བློ་དང་འཚམས་པའི་བྱིས་སྒྲུང་མང་པོ་གསར་རྩོམ་དང་བོད་བསྒྱུར་བྱས་པའི་དེབ་ཁག་ཅིག་ཀྱང་བཏོན་ཡོད་པ་རེད།།

གསར་འགོད་པོ་ཆོས་ཉིད་འོད་ཟེར་གྱིས།