བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་གསར་པ་བདམས་ཐོན་བྱུང་སོང་།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་དབུས་རྒྱུན་གསར་པ་འོས་འདེམས་བྱས་ཡོད་པ་དང་། དེ་བཞིན་གྲོས་ཆོད་དོན་ཚན་དགུ་གཏན་འབེབས་གནང་སོང་།
དེ་ཡང་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ། ཟླ་༤ པའི་ཚེས་༡༤ ནས་༡༦ བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༣ པ་འཚོགས་ཡོད་པ་རེད། ཚོགས་ཆེན་གྱི་ཉིན་མཐའ་མའི་སྐབས་སུ་དབུས་རྒྱུན་གསར་པ་འོས་འདེམས་བྱས་ཡོད་པ་དང་། ཐོག་མར་སྔོན་འགྲོའི་འོས་མི་༡༤ འོས་འདེམས་གནང་ཡོད་པ་དང་། དེ་རྗེས་དངོས་གཞིའི་འོས་འདེམས་ཁྲོད་དབུས་བོད་ཀྱི་བུ་མེད་ལྷན་ཚོགས་ཀྱི་རྒྱུན་ལས་མི་གྲངས་༧ འདེམས་སྒྲུག་གིས་བསྟན་འཛིན་སྒྲོལ་མ་ལགས་སུ་འོས་གྲངས་ ༣༧ ཚོགས་གཙོར་བདམས་ཐོན་བྱུང་སོང་བ་དང་། ཚེ་རིང་སྒྲོལ་མ་ལགས་སུ་འོས་གྲངས་༢༡ ཐོབ་སྟེ་ཚོགས་གཞོན་དུ་བདམས་ཐོན་དང་། དེ་བཞིན་སྐལ་བཟང་སྒྲོལ་མ་ལགས་སུ་འོས་གྲངས་༢༥ ཐོབ་སྟེ་དྲུང་ཆེར་བདམས་ཐོན་བྱུང་སོང་།
སྐབས་དེར་བདམས་ཐོན་བྱུང་བའི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་བུད་མེད་ལྷན་ཚོགས་ཀྱི་ལས་དོན་ལེགས་པོ་ཡོང་བར་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་པའི་རེ་སྐུལ་ཞུས་པ་དང་བསྟུན། རང་ཉིད་ཀྱིས་འདས་པའི་དུས་ཡུན་རིང་པོར་ས་གནས་མང་པོའི་ནང་ཚོགས་གཙོའི་འགན་ཁུར་བཞེས་ཡོད་སྟབས་ཚོར་སྣང་དམིགས་བསལ་མེད་ཀྱང་བོད་པའི་བུད་མེད་རྣམས་ནས་ངེས་པར་དུ་རང་ཉིད་ལ་སྡིངས་ཆ་ཞིག་རག་སྐབས་གོ་སྐབས་དམ་འཛིན་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་ཆོད་དོན་ཚན་དགུ་བཞག་ཡོད་པའི་ནང་། བོད་མི་རྒན་གཞོན་བར་གསུམ་ཚང་མའི་རྒྱུད་ལ་ཆོས་ཀྱི་སློབ་གསོ་གོང་འཕེལ་གཏོང་རྒྱུའི་ཆེད་ས་གནས་ཁག་ཏུ་བླ་སྤྲུལ་དགེ་བཤེས་ཁག་གདན་ཞུ་དང་། སྐྱབས་འགྲོ་དང་ལས་འབྲས་ཀྱི་བཀའ་སློབ་གསུང་བཤད་གནང་རྒྱུ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་ཕྲུ་གུ་རྣམས་ཀྱི་བོད་ཀྱི་སྐད་ཡིག་གོང་འཕེལ་ཡོང་སླད་བོད་ཡིག་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་རྣམས་ལ་ལེགས་གསོལ་འབུལ་བ། ད་དུང་བོད་ཕྲུག་ཚོའི་བོད་སྐད་དང་བོད་ཡིག་ཡར་རྒྱས་ཡོང་ཆེད་སློབ་གྲྭ་ཁག་ཏུ་རྩོམ་ཡིག་འགྲན་བསྡུར་བྱ་རྒྱུ། བུད་མེད་དབུས་ས་གཉིས་ནས་ཕྲུ་གུའི་ཕ་མ་རྣམས་ལ་བོད་སྐད་ཡིག་སྲུང་སྐྱོབ་ཀྱིས་མཚོན་པའི་ཤེས་ཡོན་དང་། ཀུན་སྤྱོད་སློབ་གསོ་སོགས་ནུས་རྩལ་གོང་མཐོར་གཏོང་ཕྱོགས་ཐད་སློབ་གསོ་དང་ཟབ་སྦྱོང་གང་མང་གོ་སྒྲིག རྒྱ་དམར་གཞུང་གིས་བོད་ཀྱི་ཁོར་ཡུག་ཉམ་ཆག་བཏང་དང་གཏོང་བཞིན་པར་བརྟེན། འཛམ་གླིང་ཡོངས་དང་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་གལ་གནད་ཆེ་བའི་སྐོར་གོ་རྟོགས་སྤེལ་བ་དང་། རྒྱ་དམར་གཞུང་གིས་བོད་ཀྱི་ཁོར་ཡུག་སྦག་བཙོག་དང་གཏོར་བཅོམ་བཏང་ཡོད་ཀྱི་ཡོད་པས། བོད་ནང་ཤིང་ནགས་གསར་འཛུགས་དགོས་པ་དང་བོད་ཀྱི་ཁོར་ཡུག་བདག་གཅེས་གནང་གལ་ཐད་རྒྱལ་སྤྱིའི་ཁོར་ཡུག་སྡེ་ཚན་ཁག་ལ་ཞུ་གཏུགས་ལས་འགུལ་སྤེལ་རྒྱུ་དང་། ད་དུང་རྒྱ་དམར་གཞུང་གིས་བོད་ཀྱི་འབྲོག་སྡེ་རྣམས་སྤོ་བཤུག་བྱས་ནས་རྩ་མེད་བཟོ་ཐབས་བྱེད་བཞིན་པར་བརྟེན། དེ་རིགས་མཚམས་འཇོག་དགོས་པའི་ཞུ་སྐུལ་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུ་ཡིན་འདུག དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་ཐབས་སུ་ཤེས་ཡོན་སྡེ་ཚན་ཁག་གིས་བུད་མེད་ཚོར་དམིགས་བསལ་གྱི་སློབ་ཡོན་ས་མིག་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་སྐུ་སྐྱེད་མ་ཚོར་ཟབ་སྦྱོང་དང་བུད་མེད་ནུས་སྟོབས་སྤེལ་ཕྱོགས་ཀྱི་སློབ་གསོ་གང་མང་གནང་རྒྱུ། བོད་ནང་དུ་རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་བརླག་གཏོང་ཐབས་ཀྱིས་ཐབས་ཇུས་སྣ་ཚོགས་སྤེལ་བཞིན་པ་དང་། བོད་ཀྱི་བུད་མེད་རྣམས་ཀྱི་སྐྱེ་སྒོ་བཀག་བཅུག་གི་ཡོད་པས་བོད་ཀྱི་དབུས་ས་གཉིས་ནས་རང་དབང་ལུང་པའི་ནང་གནས་བཞུགས་བོད་ཀྱི་བུད་མེད་རྣམས་ནས་སེམས་ཤུགས་ཆེར་བསྐྱེད་ཐོག་ཕྲུ་གུ་གང་མང་བཙལ་རྒྱུའི་འབོད་སྐུལ་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བུ་ཕྲུག་ལྔ་ཡན་ལ་དབུས་བུད་མེད་ལྷན་ཚོགས་ནས་དགོངས་བཞེས་རྒྱ་ཆེའི་ཐོག་སློབ་གྲོན་ངན་སེལ་གྱི་རྨང་གཞིར་ལེགས་སྐྱེས་ཧིན་སྒོར་ ༡༥༠༠༠ རེ་གནང་མུས་ཡོད་བཞིན་པ་དེ་དག་མུ་མཐུད་གནང་རྒྱུ་དང་། ས་གནས་སོ་སོ་ནས་འགན་འཁུར་དང་ལེན་གྱིས་ཁྱིམ་ཚང་ཕྲུ་གུ་མང་བའི་དཀའ་ངལ་ཡོད་པ་རྣམས་ལ་བོད་ཕྲུག་ཁྱིམ་སྡེ་སོགས་ལ་འཇུག་ཐབས་བྱ་རྒྱུ། གཞན་ཡང་ཕྲུ་གུ་གསར་སྐྱེས་དང་ཕྲུ་གུ་མང་བ་རྣམས་ལ་ས་གནས་སོ་སོའི་བབ་བསྟུན་ལེགས་སྐྱེས་སོགས་གནང་རྒྱུ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་ཕྲུ་གུ་ལྔ་ཡན་ཡོད་མཁན་ཕ་མ་རྣམས་ལ་ཕ་མའི་ཉིན་མོར་བྱ་དགའ་གསོལ་རས་གནང་རྒྱུ་ཡིན་པ་རེད།
གཞན་ཡང་རྒྱལ་སྤྱིའི་རྩེད་འགྲན་ཨོ་ལིམ་པིག་༢༠༢༢ ལོར་རྒྱ་ནག་ལ་འཚོགས་རྒྱུ་གཏན་འཁེལ་བྱུང་བར་བརྟེན། རྒྱ་ནག་གིས་མ་རུང་བྱ་སྤྱོད་ཁག་འཐེར་འདོན་གྱིས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་ཐུན་མོང་མཉམ་སྦྲེལ་གྱིས་ངོ་རྒོལ་བཀག་འགོག་མཐའ་གཅིག་ཏུ་བྱུ་རྒྱུ་དང་། ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དེ་ཉིད་རྒྱ་ནག་ཏུ་འཚོགས་རྒྱུ་ངོས་ལེན་མེད་པས། དབུས་ས་གཉིས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་ཚོགས་སྡེ་ཁག་ལ་བོད་དང་གྲངས་ཉུང་མི་རིགས་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་མེད་པའི་སྙན་ཞུ་དང་ས་རྟགས་བསྡུ་འགོད་གནང་རྒྱུ། དེ་བཞིན་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་ ༡༩ དེའི་རྐྱེན་པས་འཛམ་གླིང་ས་ཕྱོགས་ཀུན་ཏུ་དཀའ་ངལ་བཟོས་ཡོད་སྟབས། གོ་སྐབས་དེ་བརྒྱུད་ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་རྩེད་འགྲན་ཨོ་ལིམ་པིཀ་རྒྱ་ནག་ནང་ཚོགས་རྒྱུའི་ཐོབ་ཐང་མེད་པར་རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་ནས་ཕྱིར་བསྡུ་ཡོང་ཐབས་ཀྱི་དབུས་ས་གཉིས་ནས་ལས་འགུལ་གང་མང་སྤེལ་རྒྱུ་བཅས་རེད་འདུག
ཚོགས་ཆེན་མཇུག་བསྒྲིལ་ཟིན་ནའང་། ཉིན་གྲངས་གཉིས་རིང་ཚོགས་བཅར་བ་རྣམས་ལ་དབུས་བུད་མེད་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་ཟུང་སྦྲེལ་གྱིས་དབུ་འཛུགས་གནང་བའི་ (Tibetan Women Helpline) བོད་ཀྱི་བུད་མེད་རོགས་རམ་འབྲེལ་མཐུད་ལས་ཁུངས་དང་དབུ་མའི་ལམ་སོགས་ཀྱི་བརྗོད་གཞི་ཁག་ཅིག་ཐད་ཟབ་སྦྱོང་ཕུལ་རྒྱུ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།