བུད་མེད་ལྷན་ཚོགས་ཀྱིས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སོང་།

ཟླ་༧ པའི་ཚེས་༡ ཉིན་ནི་རྒྱ་ནག་དམར་ཤོག་ཚོགས་པ་འགོ་བཙུགས་ནས་ལོ་ངོ་༡༠༠ འཁོར་བའི་ཉིན་མོ་ཡིན་པ་དང་བསྟུན། ཉིན་དེའི་ཕྱི་དྲོར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་རྡ་ས་བུད་མེད་ལྷན་ཚོགས་གཉིས་ཀྱིས། རྒྱ་གཞུང་ལ་ངོ་རྒོལ་གྱི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་བུད་མེད་ལྷན་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང་། ཉིན་མོ་དེ་ནི་རྒྱ་དམར་གྱི་སྡུག་རྩུབ་དང་གཉའ་གནོན་འོག་ད་བར་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་དཔའ་བོ་དཔའ་མོ་ཚོར་དྲན་གསོ་དང་། ཁོང་ཚོའི་བློས་གཏོང་དང་མཛད་རྗེས་ལ་ཡི་རང་གི་གདུང་སེམས་མཉམ་བསྐྱེད་བྱ་རྒྱུ་ཞིག་ཡིན་སྐོར་དང་། རྒྱལ་སྤྱིའི་མི་མང་ཡོངས་ནས་རྒྱ་དམར་གྱི་སྡུག་རྩུབ་དང་མནར་གཅོད་ཀྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་སྐོར་གསུངས་ནས། དགོས་འདུན་དོན་ཚན་༦ བཏོན་འདུག་པ་དེ་དག་ནི།

༡) རྒྱ་དམར་གཞུང་ནས་ད་བར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་འགལ་ཏེ་མི་ས་ཡ་མང་པོ་དམར་གསོད་བཏང་བ་དང་གར་སོང་ཆ་མེད་དུ་སོང་བ་རྣམས་ལ་འགན་འཁུར་དགོས།

༢) ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་དགོས།

༣) ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐད་སྐུ་དབང་ཡོད་ཚད་༧གོང་ས་མཆོག་ཁོ་ནར་ཡོད།

༤) བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་ཆ་མཚོན་ན་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་རྒྱ་ནག་དམར་པོ་སྲིད་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་ཚད་ལས་བརྒལ་བའི་གཏོར་བཤིག་ཚབས་ཆེན་བཏང་ཡོད་པ་སྟེ། རང་བྱུང་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་རྒྱུགས་ཆུ་ཁ་བསྒྱུར་གྱིས་ཆུ་རག་རྒྱག་པ་དང་། གང་བྱུང་ཤིང་ནགས་གཅོད་འབྲེག་གིས་རྒྱ་ནག་ཏུ་འོར་འདྲེན་བྱེད་བཞིན་པ། འབྲོག་པ་གནས་སྤོས་ཀྱིས་སྲིད་བྱུས་ལག་བསྟར་བྱེད་བཞིན་པ། མཚོ་བོད་ལྕགས་ལམ་གསར་བསྐྲུན་གྱིས་མཐོ་སྒང་གི་ཁོར་ཡུག་ལ་འབག་བཙོག་བཟོ་བཞིན་པ་རྣམས་མཚམས་འཇོག་དགོས། 

༥) ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ཡོད།

༦) རྒྱ་ནག་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འཛམ་གླིང་ཡོངས་ལ་མི་ཁྲི་ཕྲག་མང་པོ་རྐྱེན་འདས་སུ་སོང་བ་རྣམས་ལ་འགན་ཁུར་དགོས་བཅས་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།