ཆོས་ལུགས་ཆབ་སྲིད་ཐོག་བེད་སྤྱོད་ལོག་པར་ངོ་རྒོལ་བྱ་རྒྱུ་ཡིན། 

ཟླ་འདིའི་ཚེས་༢༡ ནས་༢༤ བར་བོད་གཞིས་ཀ་རྩེར། རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་དུས་འཁོར་དབང་ཆེན་གསུང་གི་ཡོད་པས། དེ་ལ་དྷ་སར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གིས་ཆོས་ལུགས་ཆབ་སྲིད་ཐོག་བེད་སྤྱོ་བྱས་པར་ངོ་རྒོལ་ལས་འགུལ་སྤེལ་སོང་།
13718051_1212317042125496_595010145_oཟླ་འདིའི་ཚེས་༢༡ ཉིན་དྷ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་དཔའ་བོའི་རྡོ་རིང་དུ། དྷ་སར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་བཅས་ཀྱིས། རྒྱ་ནག་གི་བཀོད་ཇུས་འོག་རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་གྱིས་གསུང་བཞིན་པའི་དུས་འཁོར་དབང་ཆེན་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ལས་འགུལ་དེར་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་པར་ལ་ཁ་བཏགས་ཕུལ་ནས། ཁོང་གཙོས་པའི་བོད་ཀྱི་ཆན་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པའི་རེ་འབོད་བྱས་སོང་།
ཚོགས་པ་ཁག་གིས་མཉམ་དུ་སྤེལ་བའི་བསྒྲགས་གཏམ་ནང་ “རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་ཕྱོགས་ཡོངས་ནས་མཐོང་ཆུང་ཁྱད་གསོད་དང་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་ལེན་བྱེད་པའི་དུས་སྐབས་འདིར། དེང་སྐབས་སླར་ཡང་པཎ་ཆེན་རྒྱན་མཚན་ནོར་བུ་ཟེར་བར་དུས་འཁོར་དབང་ཆེན་གནང་དགོས་པའི་བཙན་ཤེད་ཀྱི་འོག་དེ་རིང་བོད་ལྗོངས་གཞིས་ཀ་རྩེར་དངོས་སུ་འགོ་འཛུགས་བྱས་ཡོད་ཅིང་།  རྒྱ་ནག་གཞུང་གིས་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་ཆོ་ག་དང་། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ། བོད་ཀྱི་སེར་སྐྱ་མི་མང་གི་མངོན་འདོད་བཅས་རྩིས་མེད་རྡོག་རོལ་བཏང་ནས་པཎ་ཆེན་ཡང་སྲིད་ངོས་འཛིན་བྱས་པའི་ལོ་རྒྱུས་ཀྱི་སྡིག་ཉེས་ལ་ངོ་རྒོལ་དང་། ད་ལྟ་སླར་ཡང་ཆོས་ལུགས་ཆབ་སྲིད་ཐོག་བེད་སྤྱོད་ལོག་པ་བྱེད་པའི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་།  ༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་དབང་ཡབ་སྲས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་འབྲེལ་ལམ་དང་། ཆོས་ལུགས་ཀྱི་ཆོ་ག དེ་བཞིན་བོད་རྒྱུད་ནང་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་རང་བཞིན་གཞན་ལྟར་ཐག་གཅོད་གཏན་འཁེལ་གནང་བའི་དགེ་འདུན་ཆོས་ཀྱི་ཉི་མ་ཡིད་ལ་དྲན་པའི་སྒོ་ནས།  ཁོང་གི་བཞུགས་ཁྲི་དང་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་པའི་མིང་མང་གི་ལས་འགུལ་འདི་འདྲ་ཞིག་སྤེལ་བཞིན་ཡོད་ལ།  དྲང་བདེན་དང་ཡར་ཐོན་ལ་དགའ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་མགྱོགས་མྱུར་གློད་བཀྲོལ་བདེན་སྐྱབས་ཡོང་བའི་རེ་འབོད་ཞུ་”ཞེས་འཁོད་འདུག

དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་ཚོགས་གཙོ་བསྟན་འཛིན་འཇིག་མེད་ཀྱིས “བོད་ཕྱི་ནང་གཉིས་ཀྱི་བོད་མིས་ངོས་ལེན་བྱེད་ཀྱི་མེད་པའི་རྒྱ་ནག་གི་པཎ་ཆེན་གྱིས་དུས་དབང་གི་ཆོ་ག་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གིས་གནས་ལུགས་རྒྱུ་མཚན་དང་མི་མཐུན་པའི་འབད་བརྩོན་དེས།རྒྱ་གཞུང་ལ་བོད་ནང་གི་བོད་མི་ཚོར་སྟངས་འཛིན་བྱེད་མི་ཐུབ་པའི་སེམས་འཚབ་ཡོད་པ་དང་། དེ་བཞིན་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་ལོ་ངོ་༦༧ ཕྱིན་ཡོད་ཀྱང། བོད་མིའི་སེམས་པ་སྟངས་འཛིན་བྱེད་ཐུབ་མེད་པ་ཤེས་ཏེ། དེ་ཡོང་ཐབས་སུ་ཐབས་ཇུས་འདྲ་མིན་སྤེལ་གྱི་ཡོད་པ་གསལ་པོ་རེད་”ཅེས་བརྗོད་འདུག
ཐེངས་འདིའི་རྒྱ་ནག་གི་བཀོད་སྒྲིག་བྱས་པའི་དུས་དབང་ལ་ཁྱིམ་རེ་ནས་མི་གཉིས་རེ་ངེས་པར་དུ་ཡོང་དགོས་པའི་བཀོད་ཁྱབ་བཏང་ཡོད་པའི་གནས་ཚུལ་ཡང་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།