བོད་ཀྱི་ཁུ་ཚུར་དྲག་རྩལ་བ་གཡུང་དྲུང་གིས(UFC)་རྒྱལ་སྤྱིའི་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་འདུག

དེང་གི་སྤྱི་ཚོགས་ཁྲོད་ཁུ་ཚུར་དྲག་རྩལ་དེ་ཧ་ཅང་སྐད་གྲགས་ཆེན་པོ་ཡོད་པ་དང་། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ཁྲོད་ནས་ཁུ་ཚུར་དྲག་རྩལ་བ་མང་པོ་ཞིག་ཐོན་དང་འཐོན་བཞིན་ཡོད། དམིགས་བསལ་བོད་ནང་དུ་ཡོད་པའི་མགོན་པོ་དྲག་རྩལ་སྦྱོང་བརྡར་ཁང་ནས་བོད་པའི་དྲག་རྩལ་བ་མང་པོ་ཞིག་གསོ་སྐྱོང་བྱས་དང་བྱེད་བཞིན་ཡོད་པར་བརྟེན། ད་ཆར་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་(Ultimate Fighting Championship)(UFC)ནང་འཛུལ་ཞུགས་བྱས་ནས་རྒྱབ་ཁ་ལེན་མཁན་ཡང་བྱུང་དང་འབྱུང་བཞིན་ཡོད་པ་བཞིན། ཉེ་ཆར་བོད་ཀྱི་ཁུ་ཚུར་དྲག་རྩལ་བ་གཡུང་དྲུང་གིས་ཨ་རིའི་ཁུ་ཚུར་དྲག་རྩལ་བ་ཞིག་ལས་རྒྱལ་ཁ་བླངས་ཡོད་འདུག་ཅིང་། བོད་མི་མང་པོ་ཞིག་གིས་དགའ་བསུ་ཞུ་བཞིན་འདུག
ཕྱི་ཚེས་༨ ཉིན་ཨོསི་ཁྲུ་ལི་ཡའི་(Australia)་རྒྱལ་ཁབ་ཏུ་འཚོགས་པའི་ཨ་རིའི་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་(Ultimate Fighting Championship)(UFC)ཟེར་བའི་སྐབས་སུ། བོད་པའི་ཕོ་གསར་གཡུང་དྲུང་གིས་ཨ་རིའི་ཁུ་ཚུར་དྲག་རྩལ་བ་ཁོ་ཌི་སི་ཊེ(Kody Steele)ཟེར་བ་དང་འགྲན་བསྡུར་བྱས་ནས་བོད་པའི་ཕོ་གསར་གཡུང་དྲུང་གིས་མཐའ་མའི་རྒྱལ་ཁ་དེ་བླངས་ཡོད་འདུག སྐབས་དེར་གཙོ་སྐྱོང་བས་གཡུང་དྲུང་ལ་ཐེངས་དེར་རྒྱལ་ཁབ་ཐོབ་པར་འཚམས་འདྲི་དང་བཅས། ཁོང་དང་འགྲན་ཡ་ཁོ་ཌི་སི་ཊེ(Kody Steele)་གཉིས་དུས་ཡུན་རིང་པོར་མཉམ་དུ་སྦྱོང་བརྡར་བྱས་ཡོད་ཅིང་། དེ་རིང་གི་འགྲན་རྩོད་ཁྲོད་ཁྱོད་རང་ལ་རྒྱལ་ཁ་ཆེན་པོ་ཐོབ་སོང་བས། ཁྱེད་ལ་ཚོར་སྣང་གང་འདྲ་འདུག་ཅེས་འདྲི་སྐབས། གཡུང་དྲུང་གིས་ཁོ་ཌི་སི་ཊེ(Kody Steele)་ངའི་གྲོགས་པོ་ཡིན་པས། ཆེས་བཟང་བའི་གྲོགས་པོ་དང་མཉམ་དུ་ནུས་པ་ཡོད་ཚད་བཏོན་ནས་འགྲན་བསྡུར་བྱེད་རྒྱུ་བྱུང་བ་ནི་བརྩི་མཐོང་བྱེད་སྟངས་ཆེས་བཟང་ཤོས་དེ་ཡིན། དེ་དང་མཉམ་དུ་ངའི་སྦྱོང་བརྡར་དགེ་རྒན་རྣམ་པར་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་བརྗོད་འདུག
ལོ་སྔོན་མའི་སྤྱི་ཟླ་དགུ་པའི་ནང་ཁོང་གི་(UFC)་འགྲན་བསྡུར་སྐབས་སུ་མིག་ལ་རྨས་སྐྱོན་ཕོག་ནས་ཕམ་ཡོད་འདུག་ཀྱང་ཐེངས་འདིར་(UFC)་ནང་རྒྱལ་ཁ་ཐོབ་པ་རེད་འདུག
བོད་ཀྱི་ཁུར་འཛིང་དྲག་རྩལ་པ་གཡུང་དྲུང་(Rong Zhu )་ནི་རྒྱ་ནག་གིས་བཅད་བགོས་བྱས་པའི་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཁྲོ་ཆུ་རྫོང་ནས་ཡིན་པ་དང་། ཕྱི་ལོ༢༠༠༠ ལོའི་ཕྱི་ཟླ་༣པའི་ཚེས་༧ཉིན་སྐྱེས་ཡོད་འདུག་ཅིང་། རང་ལོ་༡༢ཐོག་ནས་དྲག་རྩལ་སྦྱོང་བརྡར་འགོ་བཙུགས་ཡོད་འདུག ཁོང་དང་དེ་སྔོན་ཨ་རིའི་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་མྱོང་བའི་བོད་ཀྱི་ཁུ་ཚུར་དྲག་རྩལ་པ་བསོད་ནམས་དར་རྒྱས་དང་། གཡུ་སྒྲ་སོགས་ནི་མགོན་པོ་དྲག་རྩལ་ཁང་གི་སློབ་མ་ཡིན་འདུག
སྤྱི་ཚོགས་དྲ་ལམ་ཐོག་གི་མཆན་རྒྱག་མཁན་ཚོས་ཁོང་ལ་བསྔགས་བརྗོད་དང་བོད་ཀྱི་དཔའ་རྒོད་རེད། ཁོང་རྒྱ་རིགས་མ་རེད་ཅེས་བོད་པ་ནང་ཁུལ་དགའ་མོས་བྱེད་མཁན་མང་པོ་བྱུང་འདུག
གཞན་ཡང་ལོ་སྔོན་མའི་ཕྱི་ཟླ་༢ ཚེས་༣ ཉིན་ཨ་རིའི་གྲོང་ཁྱེར་ལཱ་སི་ཝེ་གྷ་སི (Las Vegas)རུ་འཚོགས་པའི་ཨ་རིའི་(UFC) (Feathweight finals)རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་རྟིང་རྩོད་འགྲན་བསྡུར་ཁྲོད། བོད་པའི་ཕུ་ཚུར་དྲག་རྩལ་བ་གཡུ་སྒྲ་ཡིས་འགྲན་ཐུན་དང་པོར་འགྲན་ཡུན་སྐར་མ་གསུམ་དང་སྐར་ཆ་གསུམ་གྱི་ནང་ཁ་གཏད་ཁེ་ཝེན (Kaiwen)ཕམ་ཉེས་བཏང་ནས་རྒྱལ་ཁ་བླངས་ཏེ། ད་ཆ་ཁོང་ཨ་རིའི་(UFC)རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་པར་གྱུར་ཡོད་པ་བཅས་(UFC)་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཁྲོད་ཚུད་མཁན་བོད་པ་འགའ་ཤས་བྱུང་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།