བོད་ཀྱི་གཏམ་བརྗོད་སྒྱུ་རྩལ་བ་གྲགས་ཅན་ར་བཟི་ལྷག་པའམ་བཀྲ་ཤིས་དོན་གྲུབ་འདས་གྲོངས་སུ་ཕྱིན་འདུག

བོད་ཀྱི་གཏམ་བརྗོད་ཟློས་གར་སྒྱུ་རྩལ་བ་གྲགས་ཅན་ར་བཟི་ལྷག་པའམ་བཀྲ་ཤིས་དོན་གྲུབ་ལགས་དགུང་ལོ་༦༩ ཐོག་འདས་གྲོངས་སུ་ཕྱིན་འདུག་པས། ཁོང་གི་གཏམ་བརྗོད་སོགས་ལ་བག་ཆགས་ཟབ་པའི་གཞིས་བྱེས་བོད་མི་ཚོས་མྱ་ངན་ཞུས་དང་ཞུ་བཞིན་འདུག
ཕྱི་ཟླ་༥ པའི་ཚེས་༢༠ སྔ་མོར་བོད་ཀྱི་གཏམ་བརྗོད་སྒྱུ་རྩལ་བ་གྲགས་ཅན་ར་བཟི་ལྷག་པའམ་བཀྲ་ཤིས་དོན་གྲུབ་ལགས་འདས་གྲོངས་སུ་ཕྱིན་ཡོད་འདུག ཁོང་ནི་བོད་ནང་དུ་ཀུན་གྱིས་དགའ་མོས་བྱེད་སའི་གཏམ་བརྗོད་སྒྱུ་རྩལ་བ་གྲགས་ཅན་ཞིག་ཡིན་ཞིང་། ད་ཐེངས་ཁོང་འདས་གྲོངས་སུ་ཕྱིན་པ་ཤེས་རྗེས་བོད་ནང་གཙོས་པའི་གཞིས་བྱེས་ཀྱི་བརྒྱུད་ལམ་ཁག་ཏུ་བོད་མི་མང་པོ་ཞིག་གིས། ཆུང་དུས་ནས་ཁོང་གི་གཏམ་བརྗོད་ཀྱིས་བཞག་པའི་བག་ཆགས་སྐོར་དང་། ཁོང་འདས་གྲོངས་སུ་ཕྱིན་པར་ཕངས་སེམས་དང་མྱ་ངན་ཞུ་བཞིན་འདུག བཀྲ་ཤིས་དོན་གྲུབ་ནི་ལྷ་སའི་ཉེ་འཁོར་གྱི་ཞིང་པའི་མི་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་ཨ་མ་ཚེ་ལས་འདས་པ་དང་ཨ་ཕ་ནད་ཀྱིས་མནར་བ་བཅས་ཀྱིས་ལོ་ན་༡༢་ཡས་མས་ནས་༢༡ བར་ཁྱིམ་ཚང་སྐྱོང་བའི་ལས་འགན་ལྕི་མོ་སྣ་ཚོགས་ཕྲག་ཏུ་ཁུར། ཁོང་ལོ་ན་གཞོན་པའི་སྐབས་སུ་ཞབས་བྲོ་དང་རྩེད་མཚར་ལ་ཧ་ཅང་དགའ་ཞིང་། གླུ་གར་སོགས་ལ་ལྷན་སྐྱེས་ཀྱི་སྒྱུ་རྩལ་དུ་མ་ཞིག་ཡོད་པ་དང་། སྐབས་དེར་བོད་ལྗོངས་ཀྱི་གཏམ་བརྗོད་ཟློས་གར་ཚོགས་པ་ཟེར་བས་ཟློས་གར་འཁྲབ་སྟོན་པ་བསྡུ་བཞིན་ཡོད་འདུག་པས། ཁོང་གི་གླུ་གར་འཁྲབ་སྟོན་སོགས་ཀྱི་སྒྱུ་རྩལ་གྱིས་འདེམས་སྒྲུག་མི་སྣའི་ཡིད་དབང་མེད་དུ་བཀུགས་ཏེ། ཞིང་པའི་ན་གཞོན་ཞིག་སྒྱུ་རྩལ་གྱི་ཆེད་ལས་ལམ་བུའི་ཐོག་བསྐྱོད་རྒྱུའི་འགོ་བརྩམས་འདུག བཀྲ་ཤིས་དོན་གྲུབ་ལགས་ཀྱིས་རྙེད་དཀའ་བའི་གོ་སྐབས་དེ་ཆུད་ཟོས་སུ་མ་བཏང་བར་རྒྱ་ནག་གི་ཧྲང་ཧེ་སོགས་སུ་སློབ་སྦྱོང་ལ་འབད་པ་ལྷོད་མེད་དང་། སོ་སོའི་གར་སྟེགས་ལ་གཅེས་སྤྲས་གང་ལེགས་གནང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་ལོ་ངོ་བཞི་བཅུ་ཙམ་གྱི་རིང་དུ། བཀྲ་ཤིས་དོན་གྲུབ་ཀྱིས་སྤྱི་ཚོགས་ཁྲོད་ཀྱི་མི་སྣའི་སྣང་བརྙན་གྲགས་ཅན་མང་དག་ཅིག་འཁྲབ་སྟོན་གནང་བས་ལྟད་མོ་བ་ཚོར་བརྗེད་དཀའ་བའི་བག་ཆགས་ཟབ་མོ་བཞག་ཡོད་པ་དེ་རིང་གི་བརྒྱུད་ལམ་ཁག་ནས་ཀྱང་མཐོང་ཐུབ་ཀྱི་འདུག ཁོང་གིས་འཁྲབ་པའི་གཏམ་བརྗོད་ཟློས་གར་ལས་གཙོ་བོ། རྫོང་རིའི་བླ་སྲོག གནས་མཆོག་བཞུད་ལམ། དེ་བཞིན་གློག་བརྙན་ཡང་། བུད་མེད་སྤྲུལ་སྐུ། སྲོང་བཙན་སྒམ་པོ། གཞན་ཡང་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་འགའི་ཁྲོད་དུ་མི་སྣ་གཙོ་བོ་འཁྲབ་ཡོད་འདུག ལོ་རབས་དགུ་བཅུའི་རྗེས་སུ་ཁོང་གིས་དགོད་བྲོའི་འཁྲབ་ཚན་ཐུང་གྲས་མང་པོ་འཁྲབ་ཡོད་པ་དང་། དེའི་ནང་ནས་ཁོང་གིས་ར་བཟི་བ་ལྷག་པ་འཁྲབ་རྗེས། བོད་རིགས་ཚང་མས་ཁོང་ལ་ར་བཟི་ལྷག་པ་ཞེས་མིང་བཏགས་ཏེ་བོད་ཡུལ་སྟོད་སྨད་བར་གསུམ་དུ་གྲགས་ཡོད་པ་རེད། ཁོང་གིས་ད་བར་རྒྱ་ནག་སོགས་སུ་འཁྲབ་སྟོན་བྱས་པའི་བརྒྱུད་རིམ་ནང་ཆེས་མཐོའི་བྱ་དགའ་མང་པོ་ཐོབ་ཡོད་འདུག དེ་རིང་གྲོངས་རྐྱེན་གང་ཡིན་སོགས་གསལ་ཁ་མི་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།