བོད་ཀྱི་གནས་བབས་སྐོར་ལ་གཞོན་སྐྱེས་ཉམས་ཞིབ་པའི་ཚོགས་འདུ།
ཟླ་འདིའི་ཚེས་༢༡ ཉིན་དྷ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ “བོད་དང་བོད་མི། དཀའ་ངལ་དང་གདོང་ལེན” ཞེས་པ་ཉིན་གཉིས་རིང་འཚོགས་རྒྱུ་ཡིན་པ་འགོ་འཛུགས་བྱས་སོང་།
ཚོགས་འདུ་དབུ་འཛུགས་མཛད་སྒོའི་ཐོག སྲིད་སྐྱོང་བློ་བཟང་སེང་གེ་དབུས། སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་དང་ལས་བྱེད་རྣམས་ཕེབས་ཡོད་པ་དང་། མཛད་སྒོའི་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གྱིས་དགའ་བསུའི་གཏམ་བཤད་དང་འབྲེལ། ཐེངས་འདིར་རྒྱ་གར་མཐོ་སློབ་ཁག་ནས་ཉམས་ཞིབ་པ་༣༠ ཡོད་པ་དང་དེའི་ནང་ནས་འབུམ་རམས་པ་བྱེད་བཞིན་པ་༡༣གྱིས་བརྗོད་གཞི་འདྲ་མིན་སྐོར་ལ་གཏམ་གླེང་བྱེད་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་སོང།
དེ་རྗེས་སྲིད་སྐྱོང་གིས་གཏམ་བཤད་གནང་དོན། “དེ་སྔོན་སྲིད་བྱུས་ཉམས་ཞིབ་ཁང་ཐོག་མར་འགོ་འཛུགས་བྱས་རྗེས། ལས་ཁུངས་དེར་འབུམ་རམས་པའི་ཆེད་དུ་ལས་གནས་གཉིས་སྟོང་པ་བཞག་པ་རེད་དེ། སྙན་ཞུ་ཕུལ་མཁན་བྱུང་མེད། འོན་ཀྱང་དེང་སང་འབུམ་རམས་པ་བཞིས་དེ་གར་ཉམས་ཞིབ་བྱེད་མུས་ཡིན། ཐེངས་འདིའི་ཚོགས་འདུའི་སྐབས་སུ་བརྗོད་གཞི་འདྲ་མིན་སྐོར་ལ་བགྲོ་གླེང་བྱེད་རྒྱུ་རེད་འདུག་པས། ཁྱེད་རང་ཚོ་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱས་ཏེ་ཉམས་ཞིབ་ཐོག་ལ་ཐུགས་ཕན་སོས་པའི་རེ་བ་ཡོད་”ཅེས་གསུངས་སོང།
སྲིད་སྐྱོང་གིས་བོད་དེ་རྒྱ་འོག་ཏུ་ཤོར་ནས་ལོ་མང་ཕྱིན་པར་བརྟེན་བོད་མི་མང་པོ་ཞིག་གིས་བོད་དེ་གསལ་པོ་ངོས་འཛིན་ཐུབ་ཀྱི་མེད་སྐོར་དང་འབྲེལ་ནས་གསུང་དོན་ལ། “དེང་སང་བོད་པ་ཕལ་ཆེ་བ་བོད་དང། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་སོགས་ལ་གནས་སྟངས་འདྲ་མིན་འོག་བསྡད་ཡོད་པས། བོད་ནང་ཡིན་ན་རྒྱ་མིའི་འོག་ལ་གནས་བཞིན་ཡོད་པ། རྒྱ་གར་དང་ཕྱི་རྒྱལ་ལ་མཚོན་ན་མིའི་ལུང་པར་གནས་བཞིན་ཡོད་པས། གཞོན་སྐྱེས་དང་ལོ་ན་བདུན་ཅུ་མན་ཆད་ཀྱིས་བོད་དེ་འཆར་སྣང་གི་བོད་ཅིག་ཉམས་སུ་ལེན་པ་ལས། ཚོར་བ་ཡོད་པའི་བོད་ཅིག་ཉམས་སུ་ལེན་ཐུབ་ཀྱིེ་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ཉམས་ཞིབ་པ་རྣམས་ཀྱིས་ཉམས་ཞིབ་བརྒྱུད་བོད་ཀྱི་རིག་གཞུང་དང་རྒྱལ་རབས། ངོ་བོ་ལ་སོགས་པར་ཚོར་བ་ཡོད་པའི་བོད་ཅིག་བསྐྲུན་ཐབས་ལ་བརྩོན་དགོས་པ་རེད་”ཅེས་གསུངས་པ་དང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཚོ་གནས་ཐོག་ལ་ཉམས་ཞིབ་བྱེད་ཐུབ་ན་ཡང་དགའ་བསུ་ཡོད་སྐོར་སོགས་གསུངས་སོང།
ཉིན་གཉིས་ཀྱི་རིང་ཉམས་ཞིབ་པ་རྣམས་ཀྱིས་བོད་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་ལ་གཏམ་བཤད་དང་དྲི་བ་དྲི་ལན་བྱེད་རྒྱུ་རེད་འདུག
ལྡི་ལི་ནེ་ཧ་རུ་གཙུག་ལག་ཁང་ལ་འབུམ་རམས་པའི་སློབ་གཉེར་བྱེད་བཞིན་པ་འཆི་མེད་གཡུ་སྒྲོན་ལ་བཅར་འདྲི་བྱས་པར། ཁོང་གིས། “ཡུ་རོབ་དང་རྒྱ་ནག་གི་འགྲོ་མིའི་ཐོབ་ཐང་ལ་ལྟ་ཚུལ་དང་དེའི་བོད་ཐོག་ལ་ཤུགས་རྐྱེན་ཞེས་པའི་བརྗོད་གཞིར་དེ་སྔ་སློབ་སྦྱོང་བྱས་པའི་ཐོག་ཟླ་བ་གཅིག་རིང་ཉམས་ཞིབ་བྱས་ཡོད་པས། དེའི་ཐོག་གཏམ་བཤད་བྱེད་རྒྱུ་དང་། རྒྱ་ནག་གི་དཔལ་འབྱོར་གནོན་ཤུགས་ལ་བརྟེན་ནས་ཡུ་རོབ་ལ་སོགས་པའི་ལུང་པ་མང་པོས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་ཤུགས་ཆེན་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མེད་པས། ངས་ཞིབ་འཇུག་དེ་ང་ཚོས་ལམ་ཀ་ག་རེ་བརྒྱུད་ནས་ལུང་པ་དེ་ཚོས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་རྒྱབ་སྐྱོར་ཇི་ལྟར་འཐོབ་ཐབས་བྱེད་དགོས་མིན་སྐོར་ལ་ཉམས་ཞིབ་བྱས་པ་ཡིན་”ཞེས་འགྲེལ་བརྗོད་བྱས་སོང།
དེ་བཞིན་ལ་དྭགས་བ་ཕུན་ཚོགས་སྒྲོལ་མ་ནི་ཇར་ཀན་ཊ(Jharkhand)དབུས་གཙུག་ལག་ཁང་ལ་འབུམ་རམས་པ་བྱེད་བཞིན་ཡོད་པ་དང་ཁོ་མོར་བཅར་འདྲི་བྱས་པར། ཁོང་གིས། “ཐེངས་འདིར་ཕྱི་ལོ་༡༩༥༩ རྗེས་སུ་བོད་བརྒྱུད་ནང་བསྟན་གྱི་འཕེལ་རིམ་སྐོར་གཏམ་བཤད་བྱེད་རྒྱུ་ཡིན། དེ་ཡང་བོད་བརྒྱུད་ནང་བསྟན་གྱིས་ནུབ་ཕྱོགས་ལུང་པ་མང་པོར་ཁྱབ་ཆེན་པོ་འཕེལ་བཞིན་ཡོད་དང། རྒྱ་གར་ནང་ལ་ཆ་བཞག་ན་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་བོད་བརྒྱུད་ནང་བསྟན་སླར་གསོ་བྱེད་ཐུབ་པ་བྱུང་ཡོད་པས། ངས་བརྗོད་གཞི་དེ་ལ་ཉམས་ཞིབ་བྱས་པ་ཡིན། ཚོགས་འདུ་འདིར་མཉམ་ཞུགས་བྱེད་དོན་ནི་བོད་ཀྱི་རིག་གཞུང་དང་བོད་ཀྱི་གནས་སྟངས་སྐོར་ལ་ཤེས་རྒྱ་ཆེ་རུ་འགྲོ་བའི་ཆེད་དུ་ཡིན་”ཞེས་འགྲེལ་བརྗོད་བྱས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།