བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་རྒྱལ་སྤྱིའི་སྲིད་གཞུང་དང་སྒྲིག་འཛུགས་ཁག་ལ་ཞུ་གཏུགས་སྙན་ཞུ་ཕུལ།  

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ཡིས་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་དང་སྟབས་བསྟུན་ནས་རྒྱ་གར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས་གཙོས་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྡེ་ཚན་ཁག་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་གཟིགས་རྟོག་དང་། རྒྱབ་སྐྱོར་ཡོང་བའི་ཞུ་གཏུགས་སྙན་ཞུ་ཞིག་ཕུལ་སོང་། 

དེ་རིང་སྟེ་ཕྱི་ཟླ་༧ ཚེས་༡༧ ཉིན་བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་དུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔས་གོ་སྒྲིག་བྱས་ཏེ་རྒྱལ་སྤྱིའི་གཞུང་ཚབ་ཁང་རྣམས་དང་། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ལ་བོད་ཀྱི་ཛ་དྲག་གནད་དོན་ལ་དོ་ཁུར་རྒྱབ་སྐྱོར་བྱེད་དགོས་པའི་ཞུ་གཏུགས་སྙན་ཞུ་འབུལ་བའི་ལས་འགུལ་ཞིག་སྤེལ་སོང་། 

ལས་འགུལ་དེའི་ཐོག་ལས་འགུལ་བ་ཚོས་ངོ་རྒོལ་གྱི་གྱོན་ཆས་ནག་པོ་གྱོན་ཞིང་། མགོ་ལ་“བོད་ལ་དྲང་བདེན་དགོས་”ཞེས་པའི་ཡིག་འབྲུ་བྲིས་པའི་ཐོད་དཀྲིས་བཅིངས་པ་མ་ཟད། “དྲང་བདེན་མིན་པའི་རྒྱ་ནག་དེ་དྲང་བདེན་གྱི་ཉེན་ཁ་རེད་”ཅེས་འཁོད་པའི་འཕྲེད་དར་ཁྱེར་བ་དང་། ཚོགས་པ་ཁག་གི་སྐུ་ཚབ་ཚོས་ལས་འགུལ་གྱི་བསྒྲགས་གཏམ་བོད་ཡིག་དང་། དབྱིན་ཇི། ཧིན་དྷི། རྒྱ་ཡིག་བཅས་ཀྱི་སྐད་ཡིག་བཞིའི་ནང་སྒྲོགས་སྦྱང་གནང་སོང་།

ད་ཐེངས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔས་སྦྲགས་ཐོག་དང་མྱུར་འཕྲིན་བརྒྱུད་ནས་ཕུལ་བའི་ཤོག་ངོས་༢༠ ཅན་གྱི་ཞུ་གཏུགས་སྙན་ཞུ་དེ་དང་འབྲེལ་བའི་བསྒྲགས་གཏམ་ནང་། “རྒྱལ་སྤྱིའི་སྲིད་གཞུང་དང་སྒྲིག་འཛུགས་ཁག་ནས་བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་ལ་གཟིགས་རྟོག་དང་དྲང་བདེན་ལ་རྒྱབ་སྐྱོར། བོད་མིའི་ལོ་རྒྱུས་ཀྱི་བདག་དབང་ཡོད་པའི་རང་དབང་རང་བཙན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་སྔར་ལྷག་ཤུགས་ཆེར་ཞུ་བཞིན་ཡོད་”ཅེས་བཀོད་འདུག 

དེ་མིན་ད་དུང་བསྒྲགས་གཏན་དེའི་ནང་འདས་པའི་མི་ལོ་༦༠ ལྷག་གི་རིང་རྒྱ་དམར་གྱི་བཙན་གནོན་འོག་བོད་མི་ས་ཡ་གཅིག་ལྷག་རྐྱེན་འདས་ཕྱིན་པ་དང་། དགོན་སྡེ་དྲུག་སྟོང་ལྷག་གཏོར་གཤིགས་བཏང་པ། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་སྟོང་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་བ་རྣམས་ཀྱིས་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ། ༢༠༠༩ ནས་ད་བར་བོད་ནང་གི་བོད་མི་སེར་སྐྱ་གྲངས་ ༡༥༥ ཙམ་ནས་བོད་ལ་རང་དབང་རང་བཙན་དགོས་པ་དང་། ༧གོང་ས་མཆོག་བོད་ལ་གདན་ཞུ་དགོས་པའི་འབོད་སྒྲ་བསྒྲགས་ནས་རང་ལུས་མེར་སྲེག་གནང་བ་བཅས་ཀྱི་གནས་ཚུལ་བཀོད་པའི་ཐོག  དམིགས་བསལ་འདི་ལོ་རྒྱ་དམར་གཞུང་གིས་ནད་ཡམས་ལ་ཁག་དཀྲིས་ཏེ་བོད་དུ་དད་ལྡན་སེར་སྐྱ་མང་ཚོགས་རྣམས་དགོན་པར་ཆོས་མཇལ་དང་། ཆོས་ཕྱོགས་དང་འབྲེལ་བའི་འདུ་འཛོམས་སོགས་ལ་བཀག་འགོག་དང་དམ་དྲག་བྱེད་པ། བོད་མི་གང་བྱུང་འཇུ་ཟུང་དང་བཙན་འཁྲིད། བོད་ནང་དགོན་སྡེ་གྲྭ་ཚང་དང་མི་མང་འདུ་འཛོམས་སོགས་གང་སར་ཁ་བྲལ་ལ་ངོ་རྒོལ་དང་། རྒྱལ་གཅེས་ཆོས་གཅེས། དུས་རབས་གསར་པའི་སློབ་གསོ། ཆོས་ལུགས་ལས་དོན། དར་ཆ་གསལ་སྟོན་སོགས་ཀྱི་མིང་ཐོག་ནས་ཆེད་དུ་༧གོང་ས་མཆོག་ལ་མཚན་སྨད་ཚད་མེད་ཞུ་དགོས་པའི་བཙན་བཀའ་བཏང་བ་སོགས་ཧ་ཅང་ཡིད་སྐྱོ་དགོས་པའི་ཛ་དྲག་གནད་དོན་རྣམས་བཀོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།