བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི།
བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་པོ་༥༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག གཞོན་ནུ་ལྷན་ཚོགས་ཀྱིས་“ཇི་སྲིད་བོད་རང་དབང་རང་བཙན་མ་ཐོབ་ཀྱི་བར་དེ་སྲིད་དུ་གཞོན་ལྷན་གྱི་ཐོག་མའི་དམིགས་ཡུལ་བཞི་པོ་གཞིར་བཟུང་གིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུར་དམ་བཅའ་བརྟན་སྲུང་ཞུ་རྒྱུ་”ཡིན་ཞེས་བསྒྲགས་སོང་།
སྤྱིར་ཡིན་ན། གཞོན་ནུ་ལྷན་ཚོགས་ནས་ལོ་འདིར་ལོ་ངོ་༥༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་རྒྱས་པ་ཞིག་འཚོགས་འཆར་ཡོད་འདུག་ན་ཡང་། “རྒྱ་ནད་ཏོག་དབྱིབས་རིམས་ནད་”ཀྱིས་རྐྱེན་པས་མི་མང་འདུ་འཛོམས་བྱེད་དཀའ་བར་བརྟེན། དུས་དྲན་གྱི་མཛད་སྒོ་དངོས་གཞི་དེ་ལོ་འཁོར་མོ་གཅིག་རིང་ཕྱིར་འགྱངས་བྱས་འདུག
དེ་རིང་གི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལ་གཞོན་ནུ་ལྷན་ཐོག་མར་དབུ་འཛུགས་གནང་མཁན་དང་། གཞོན་ལྷན་གྱི་ཚོགས་གཙོ་ཐོག་མ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ཕེབས་འདུག་པ་དང་། དམིགས་བསལ་སྐུ་མགྲོན་དུ་གཞོན་ལྷན་ཚོགས་གཙོ་ཟུར་པ་དང་ཁྲིམས་ཞིབ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་གཙོས་པའི་མཛད་གཙོ་རྣམ་པ། དེ་བཞིན་དགོན་པ་དང་སློབ་གྲྭ་ཁག་གི་དབུ་འཛིན་དང་། ཚོགས་པ་ཆེ་ཆུང་ཁག་གི་སྐུ་ཚབ་རྣམས་ཕེབས་འདུག
སྐུ་མགྲོན་གཙོ་བོ་བསྟན་འཛིན་དགེ་བྱེད་ཀྱིས་མཛད་སྒོའི་ཐོག་གསུང་བཤད་གནང་བའི་ནང་། ཁོང་གིས་དེང་སྐབས་བོད་ཀྱི་གནས་སྟངས་ཤིན་ཏུ་ཐབས་སྡུག་པོ་ཡིན་པ་དང་། གནས་སྟངས་ཐབས་སྡུག་པོ་དེ་འདྲ་ཞིག་ཡིན་དུས། “ང་ཚོ་བོད་པ་བཙན་བྱོལ་དུ་ཡོད་པ་ཉུང་ཤས་དེ་མཐུན་པོ་བྱས་ནས་སྡོད་མ་ཐུབ་པ་དེ་དཔེ་མི་སྲིད་པའི་སྡུག་ཅག་རེད། ངོ་ཚ་དགོས་པ་ཞིག་རེད་བསམ་གི་འདུག བོད་ཀྱི་གནས་སྟངས་དེ་ཕར་བཞག་པ་ཡིན་ནའང་། བོད་ནང་དང་བཙན་བྱོལ་ལ་བསླེབས་ཚར་བའི་རྗེས་ལ་བོད་རྒྱལ་ཁབ་ཀྱི་ཆེད་དུ་བོད་མི་ག་ཚོད་ཀྱིས་སྲོག་བློས་བཏང་ཡོད་རེད། དེ་ཚོ་གཅིག་པུར་བསམ་བློ་བཏང་བ་ཡིན་ན། གལ་སྲིད་ལས་འབྲས་ལ་མ་བརྩིས་པ་ཡིན་ནའང་། སྤྱིར་བཏང་འཛམ་བུ་གླིང་གི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཀྱི་ཆ་ནས་བྱས་པ་ཡིན་ན། ང་ཚོ་མི་ཉུང་ཉུང་ཞིག་འཆམ་པོ་བྱས་ནས་སྡོད་མ་ཐུབ་པ་ཡིན་ན་ཞབས་འདྲེན་རེད། ངོ་ཚ་བ་ཞིག་རེད་”ཅེས་གསུངས་སོང་།
གཞན་ཡང་། ཁོང་གིས་གཞོན་ནུ་ལྷན་ཚོགས་ཀྱིས་གཙོས་པའི་བོད་མི་ཡོངས་ལ་དྲན་སྐུལ་གྱི་ཚུལ་དུ་གཞོན་ནུའི་དམིགས་ཡུལ་བཞིའི་ནང་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པར་འཆམ་མཐུན་བྱེད་པའི་དམ་བཅའ་ཞིག་བཞག་ཡོད་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཆགས་ཡོད་པ་དང་། དམ་བཅའ་དེ་ཁ་ནས་བཤད་པ་ཙམ་དང་། གྲོས་ཆོད་ཀྱི་བཟོ་འདྲ་བྱས་ནས་བཞག་པ་ཙམ་མ་ཡིན་པར་ལག་ལེན་བསྟར་རྒྱུ་གལ་ཆེན་པོ་ཡིན་པ་དང་། “ད་ལྟའི་དུས་ཚོད་འདིར་དངོས་གནས་ང་ཚོ་སོ་སོས་སོ་སོར་དྲན་གསོ་བཏང་ནས་ལག་ལེན་བསྟར་དགོས་ཀྱི་འདུག་བསམ་གི་འདུག སྐབས་རེར་ངས་འདི་ལྟར་བསམ་གི་འདུག། མི་སྒེར་པ་ཞིག་ཡིན་ན་འདྲ། ཚོགས་པ་སྐྱིད་སྡུག་གི་རྣམ་པའི་ངོས་ནས་ཡིན་ན་འདྲ། བོད་པའི་མཐུན་སྒྲིལ་དང་ཆིག་སྒྲིལ་ལ་གནོད་པའི་ལས་ཀ་ཞིག་བྱེད་ཀྱི་འདུག་ན། སྒྲིག་འཛུགས་གཅིག་གི་ཆ་ནས་བྱས་པ་ཡིན་ན། བོད་གཞུང་། དེ་ག་ནང་བཞིན་ང་རང་ཚོ་བོད་པའི་སྐྱིད་སྡུག་དང་ཚོགས་པ། ལྷག་པར་དུ་ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཟོ་འདྲ་ཞིག་གིས་ལམ་སེང་ཐེར་འདོན་བྱས་ནས་དེ་ནོར་འཁྲུལ་ཡིན་པ་དང་། དེས་ང་ཚོའི་རྩ་དོན་ལ་གནོད་ཀྱི་ཡོད་པ། བོད་མིའི་ཆིག་སྒྲིལ་ལ་གནོད་གི་ཡོད་པ་དེ་གསལ་པོ་ལབ་དགོས་ཀྱི་འདུག་བསམ་གྱི་འདུག གནས་སྟངས་སྡུག་ཅག་འདི་འདྲ་ཞིག་དང་། ཁ་གཏད་འདི་འདྲའི་ཁག་པོ་ཞིག་ལ་ཐུག་བསྡད་དུས། དེ་འདྲ་བྱེད་མ་ཐུབ་པ་ཡིན་ན་དཀོན་མཆོག་དཔེ་མི་སྲིད་པའི་ཐབས་སྐྱོ་པོ་རེད་དྲན་གྱི་འདུག་”ཅེས་གསུངས་སོང་།
རྟེན་འབྲེལ་གྱི་སྟབས་བདེའི་མཛད་སྒོ་དེའི་ཐོག དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་དང་། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་གཉིས་ཀྱིས་གཞོན་ནུ་དང་གཞོན་ནུའི་ལས་དོན་གྱི་གལ་ཆེའི་རང་བཞིན་དང་འབྲེལ་བའི་གསུང་བཤད་གནང་བ་མ་ཟད། གཞོན་ནུ་ལྷན་ཚོགས་དབུ་འཛུགས་གནང་མཁན་གྲས་ཀྱི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གི་གཉིས་ཀྱིས་ཀྱང་བརྙན་ཐུང་བརྒྱུད་དེ་གསུང་བཤད་གནང་སོང་།
སྲིད་སྐྱོང་བློ་བཟང་སེང་གིས་དེང་སྐབས་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ལ་བཟུང་བའི་ལྟ་ཚུལ་ལ་འགྱུར་བ་ཐེབས་ནས་གོ་སྐབས་ཡོད་སྟབས། གཞོན་ནུ་ལྷན་ཚོགས་ལ་ “ལས་འགུལ་མང་ཙམ་སྤེལ་རོགས་”ཞེས་སྐུལ་མ་གནང་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ཕྱི་ལོ་ ༡༩༧༠ ཟླ་བ་ ༡༠ ཚེས་ ༧ ཉིན་བཀྲས་མཐོང་བསྟན་འཛིན་དགེ་འབྱེད་དང་། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བཀའ་ཟུར་རྒྱལ་རི་བློ་གྲོས་རྒྱལ་མཚན་བཅས་ཀྱིས་བཞུགས་སྒར་དྷ་སར་གསར་འཛུགས་གནང་བ་དང་། ད་ལྟའི་ཆར་འཛམ་གླིང་ཡོངས་ཀྱི་བོད་མི་གནས་སྡོད་བྱེད་སའི་ས་གནསཚང་མར་ཚོགས་མི་ཡོད་པས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།