བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་ཟབ་སྦྱོང་ཐེངས་༢༡ པ་དབུ་འཛུགས་གནང་།
ཉིན་གྲངས་ལྔའི་རིང་གི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་ཟབ་སྦྱོང་ཐེངས་༢༡ པ་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ་དབུ་འཛུགས་གནང་འདུག ཟླ་འདིའི་ཚེས་༣ ཉིན་ཉིན་གྲངས་ལྔའི་རིང་གི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་ཟབ་སྦྱོང་ཐེངས་༢༡ པ་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ་དབུ་འཛུགས་གནང་འདུག
ཐེངས་འདིའི་ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྐབས། སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་དཔལ་བཟང་པོ་མཆོག་གིས་ཚོགས་བཅར་བ་རྣམས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་པ་ནི་བོད་ཀྱི་རྩ་དོན་ཆེད་སྐུ་ལས་སྐྱོན་མཁན་གྱི་བཙན་བྱོལ་ནང་གི་ཚོགས་པ་གལ་ཆེན་ཞིག་ཡིན་པ་དང་། ད་ལྟའི་ཆར་བོད་ཀྱི་གནས་སྟངས་དེ་ཛ་དྲག་ཅིག་ཏུ་སླེབ་བཞིན་ཡོད་པས་བོད་མི་ཚོས་མཐུན་སྒྲིལ་བྱེད་དགོས་རྒྱུ་གལ་ཆེན་ཡིན་པ།
གཞོན་སྐྱེས་ཚོས་མ་འོངས་པར་བོད་ཀྱི་བསྟན་པ་ཆབ་སྲིད་ཐོག་ལ་འགན་འཁུར་རྒྱུ་དང་། ལས་ཀ་རླབས་ཆེན་བྱེད་རྒྱུ་ལ་ཤུགས་རྒྱག་དགོས་པ། ཟབ་སྦྱོང་ནང་མཉམ་ཞུགས་བྱེད་མཁན་ཚོས་ཟབ་སྦྱོང་ཚར་བའི་སྐབས། ཀླད་པའི་ནང་འཁུར་རྒྱུ་ཡོད་མཁན་ཞིག་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་གསུང་བཤད་གནང་འདུག
ཐེངས་འདིིའི་ཚོགས་འདུའི་ནང་རྒྱ་གར་གྱི་མཐོ་སློབ་འགྲེམ་བཞིན་པའི་བོད་པའི་སློབ་ཕྲུག་དང་གཞོན་སྐྱེས་ཁྱོན་བསྡོམས་༤༠ ཙམ་མཉམ་ཞུགས་གནང་ཡོད་འདུག ཟླ་འདིའི་ཚེས་༣ ནས་༧ བར། རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་དང་ལོ་རྒྱུས་སློབ་དཔོན་རྒན་བྱམས་པ་བསམ་གཏན། བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན། སྐུ་ངོ་ཀརྨ་ཡེ་ཤེས་སོགས་ཀྱིས་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་བདེན་དཔང་། རང་བཙན་འཐབ་རྩོད་ཀྱི་གལ་གནད་དང་ལས་འགུལ་བས་གསར་འགོད་པར་འབྲེལ་ལམ་བྱ་ཕྱོགས། དེང་སྐབས་དྲྭ་རྒྱའི་བདེ་འཇགས་ཐབས་ལམ། དབུས་བོད་མིའི་སྒྲིག་འཛུགས་དང་མང་གཙོའི་འཕེལ་རིམ། གཞོན་སྐྱེས་ཀྱི་འགན་འཁུར་དང་བོད་དོན་ལས་འགུལ་སྤེལ་ཕྱོགས། བོད་དང་རྒྱལ་སྤྱིའི་ཆབ་སྲིད་གནས་བབ། བོད་ཀྱི་སྐད་ཡིག་གི་གལ་གནད་སོགས་ཀྱི་ཐོག་ལ་གཏམ་བཤད་སྤེལ་བ་དང་། མཉམ་ཞུགས་གནང་མཁན་ཚོས་གྲོས་བསྡུར་བྱེད་རྒྱུ་ཡིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།