བོད་ཀྱི་གཞོན་ནུའི་ཉིན་མོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༢༢ ཕྱི་ལོ་ ༢༠༢༠/༡༠/༠༧

དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་དུ་བཙུགས་ནས་མི་ལོ་ཧྲིལ་པོ་༥༠ འཁོར་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཕྱི་ལོ་༡༩༧༠ ལོར་གསར་འཛུགས་སྐབས་ཀྱི་དབུས་རྒྱུན་བདུན་ལས། ཕྱིས་སུ་བཀའ་བློན་དང་། སྐུ་སྒེར་དྲུང་ཆེ་རྒྱུན་རིང་གནང་མཁན་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ཚོགས་གཙོ་དང་། ཕྱིས་སུ་བཀའ་བློན་ཁྲི་པ་གནང་མཁན་མཛེས་བཅུ་ཚང་བསོད་ནམས་སྟོབས་རྒྱལ་དྲུང་ཆེ། ཕྱིས་སུ་བཀའ་བློན་ཁྲི་པ་གནང་མཁན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། ཕྱིས་སུ་སྤྱི་འཐུས་ཚོགས་གཙོ་དང་། བཀའ་བློན། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཅས་གནང་མཁན་རྒྱ་རི་བློ་གྲོས་རྒྱལ་མཚན་གཉིས་དྲུང་ཆེ་ལས་རོགས། གོང་གསལ་བཞི་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་སྐབས་ཀྱི་ཚོགས་སྐོང་འགན་འཛིན་ཡང་ཡིན། ཕྱིས་སུ་སྤྱི་འཐུས་ཚོགས་གཙོ་དང་། བཀའ་བློན་ཁྲི་པ་གནང་མཁན་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། ཕྱིས་སུ་བཀའ་བློན་གནང་མཁན་ཨ་མ་རྗེ་བཙུན་པདྨ་གཉིས་གཞོན་ནུའི་དབུས་རྒྱུན་སྐབས་དང་པོའི་ཚོགས་གཞོན་ཡིན། དབུས་རྒྱུན་སྐབས་དང་པོའི་ནང་ནས་ཆབ་སྲིད་འགན་དབང་ཆེན་པོ་བཞེས་མ་མྱོང་མཁན་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ཁོ་ན་ཡིན།

དེའི་རྗེས་ཀྱི་དབུས་རྒྱུན་སྐབས་སོ་སོའི་ནང་ནས་བཀའ་བློན་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་ཅིག་གི་འགན་འཛིན། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་། སྤྱི་འཐུས། ལས་ཁུངས་ཁག་གི་དྲུང་ཆེ་བཅས་གནང་མཁན་ཇི་སྙེད་ཅིག་བྱུང་ཡོད་པ་མ་ཟད། ད་ལྟ་བཀའ་ཤག་སྐབས་བཅོ་ལྔ་པའི་ནང་ནས་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་བཅས་གཞོན་ནུའི་དབུས་རྒྱུན་གནང་མྱོང་མཁན་འབའ་ཞིག་ཡིན་ལ། ད་ལྟའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ཡང་གཞོན་ནུའི་དབུས་རྒྱུན་ཚོགས་གཙོ་གནང་མྱོང་། གོང་གསལ་ལོ་རྒྱུས་ཀྱི་གནས་སྟངས་འདིའི་ཐོག་ནས་བལྟས་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི། བཙན་བྱོལ་ནང་ནས་འགོ་ཁྲིད་སྐྱེད་སྲིང་བྱེད་ཡུལ་དང་། འཐབ་རྩོད་ཀྱི་སྣེ་ཁྲིད་པ་གཙོ་བོར་གྱུར་ཡོད་ཅིང་། རྒྱ་དམར་གཞུང་གི་མིག་ནང་དུའང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་དོགས་པ་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པས་སྒྲིག་འཛུགས་འདི་ཉིད་ཧ་ཅང་གལ་ཆེན་པོ་ཡིན།

གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་སྙིང་བསྡུས་བྱས་ན། (༡) ༧གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུ་གཞི་རྩར་བཟུང་ཐོག་བོད་གཞུང་འབངས་ཀྱི་སྤྱི་དོན་ལ་ལྷག་བསམ་འཁུར་ལེན་རྨང་གཞིར་འཁྱེར་བ། (༢) ལུང་ཚན་དང་། ཆོས་ལུགས། གྲལ་རིམ་སོགས་གྱི་འཐེན་འཁྱེར་སྤངས་ཏེ། མང་ཚོགས་ནང་མཛའ་མཐུན་དམ་གཙང་གཅིག་གྱུར་ཡོང་ཐབས་བྱ་རྒྱུ། (༣) ཆོས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྒྱ་ཆེ་གཏིང་ཟབ་དེ་དག་མི་ཉམས་རྒྱུན་སྐྱོང་སླད། སྦྱང་བརྩོན་དང་ཉམས་ལེན། ཁྱབ་སྤེལ་བྱ་རྒྱུ།  (༤) གཞིས་བྱེས་བོད་རིགས་མི་མང་ནས་བོད་རང་བཙན་གྱི་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ་དགྲ་བོར་རྒོལ་འཛིངས་ཀྱི་ལས་འགུལ་དཔེ་བསྔགས་ཀྱི་གནས་སུ་ཡོད་པ་དེ་དག་སྒྲུབ་ཆེད་དཀའ་ངལ་དྭང་ལེན་གྱིས་རང་སྲོག་ཚུན་ལའང་ལྟོས་མེད་ཀྱིས་མདུན་སྐྱོད་བྱ་རྒྱུ་བཅས་ཡིན་པས། བཙན་བྱོལ་བོད་གཞུང་གི་རྩ་དོན་རྩོད་པའི་དམིགས་ཡུལ་ལ་འགྱུར་བ་སོང་ཡོད་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགྱུར་བ་གང་ཡང་བཏང་མེད།

འདས་པའི་ལོ་རྒྱུས་ནང་བོད་གཞུང་ལས་ཁུངས་ཁག་གི་གཞུང་ཞབས་ལས་བྱེད་ཡིན་བཞིན་དུ་གཞོན་ནུའི་དབུས་རྒྱུན་དུ་འདེམས་ཐོན་བྱུང་ན། ལས་བྱེད་ནས་རྩ་དགོངས་ཞུ་མི་དགོས་པར་ཞབས་གཡར་གྱིས་ལས་དོན་བྱེད་ཆོག་པ་དང་། གཞུང་ཞབས་ནང་གི་ལོ་ན་ཆུང་བ་མང་ཆེ་ཤོས་གཞོན་ནུའི་ཚོགས་མི་ཡིན་པས། བོད་གཞུང་གི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ཀྱི་གཞོན་ནུའི་རུ་ཁག་ནི་ནུས་ཤུགས་ཆེ་ཤོས་ལྟ་བུར་གྱུར་པའི་དུས་ཚོད་ཀྱང་ཡོད་མྱོང་། རིམ་པས་བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་ཁ་གསལ་དུ་བཏང་བ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གི་དབར་ཁ་དང་ཁ་སྤུ་དབྱེ་འབྱེད་ཀྱི་སྲིད་བྱུས་ཤིག་བཟུང་བས། སྤྱི་ཚོགས་ནང་དུའང་དེ་དང་འབྲེལ་བའི་ལྟ་ཚུལ་དང་རྩོད་གླེང་མང་པོ་ཞིག་རིམ་གྱིས་འགོ་བཙུགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ནུས་པ་དང་ཤུགས་རྐྱེན་ལའང་རིམ་བཞིན་ཚད་བཀག་ཐེབས་ནས་སྔོན་ཆད་དང་བསྡུར་ཐབས་མེད་པར་གྱུར་པ་སོགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལོ་རྒྱུས་གནས་བབས་ཐོག་ནས་དར་རྒུད་ཆེ་ཙམ་བྱུང་ཡོད།

མདོར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བོད་ཀྱི་རྩ་དོན་འཐབ་རྩོད་དང་རྒྱུན་སྐྱོང་ཆེད་མེད་ཐབས་མེད་པའི་ཚོགས་པ་ཞིག་ཡིན་ནའང་། བར་ལམ་ནས་བཟུང་དབུས་རྒྱུན་ནང་ཁུལ་དུ་མཐུན་ལམ་ཡག་པོ་མ་བྱུང་བའི་རྐྱེན་གྱིས་གཞོན་ནུའི་ནུས་ཤུགས་ལ་གནོད་སྐྱོན་ཅུང་ཙམ་ཐེབས་ཡོད་པ་མ་ཟད། ས་རྒྱུན་གྱི་འགན་ཁུར་མཁན་ཁ་ཤས་ཀྱིས་ཀྱང་དབུས་གཞོན་ནུའི་ཁྱབ་ཁོངས་ནས་ཟུར་དུ་ཐོན་པ་སོགས་བཀྲ་མ་ཤིས་པའི་གནས་ཚུལ་རེ་ཟུང་བྱུང་བ་འདི་དག་ནི། འདས་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཆུང་ངུ་ཙམ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་དང་། མ་འོངས་པར་བོད་སྤྱིའི་རྩ་དོན་འཐབ་རྩོད་ཀྱི་དམིགས་ཡུལ་གཞི་རྩར་བཞག་ནས་མདུན་སྐྱོད་བྱེད་དགོས་པ་ལས། བཙན་བྱོལ་བོད་མི་ནང་ཁུལ་གྱི་སྲིད་དོན་རྩོད་རྙོག་ནང་ཐིམ་ནས་བསྡད་ན་གཞོན་ནུའི་ཆེ་མཐོང་དང་ནུས་པ་སླར་གསོ་བྱ་ཐབས་མེད། མ་འོངས་པར་འཐབ་རྩོད་ལས་འགུལ་གྱི་སྣེ་ཁྲིད་མཁན་གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བྱེད་ཐུབ་ན། བོད་དོན་སྤྱི་དང་བཙན་བྱོལ་བོད་པའི་ཆབ་སྲིད་ཀྱི་རྨང་གཞི་གཙོ་བོར་འགྱུར་ངེས་རེད།།