བོད་ཀྱི་གཞོན་ལྷན་གྱི་དྲུང་ཆེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་འཛམ་གླིང་ཞི་བདེའི་ལྷན་ཚོགས་ཐོག་བོད་དོན་ཞུ་སྐུལ་གནང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་གིས་འཛམ་གླིང་ཞི་བདེ་ལྷན་ཚོགས་ཞེས་པའི་ལྷན་ཚོགས་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་གིས་བོད་ནང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཐོག་དྲིལ་བསྒྲགས་དང་མཉམ་འབྲེལ་རྒྱལ་ཚོགས་ནས་གནད་དོན་དེའི་སྐོར་ཐེ་བྱུས་གནང་བའི་འབོད་སྐུལ་ཞུས་འདུག

པར། བོད་ཀྱི་བང་ཆེན།

ཟླ་འདིའི་ཚེས་༩ ནས་༡༢ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་འཛམ་གླིང་ཞི་བདེ་ལྷན་ཚོགས་(Global Peace Summit) ཞེས་པའི་ཚོགས་འདུ་ཞིག་ཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ཡང་མཉམ་ཞུགས་གནང་ནས། ཚེས་༩ ཉིན་རྒྱ་གཞུང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་གཞོན་པ་(Geng Shuang) དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞོན་སྐྱེས་ཐོག་གཙོ་འགན་ཁུར་མཁན་(Dr. Felipe Paullier) བཅས་གཉིས་ལ་ཐུག་འཕྲད་ཀྱིས་བོད་ནང་རྒྱ་གཞུང་གིས་རིག་གཞུང་རྩ་མེད་དང་བོད་མིའི་ངོ་བོ་ཙམ་ཡང་མེད་པ་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ངེས་པར་མཚམས་འཇོག་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ནས་གནད་དོན་དེའི་ཐོག་ཐེ་བྱུས་གནང་བའི་འབོད་སྐུལ་ཞུས་འདུག

པར། བོད་ཀྱི་བང་ཆེན།

ཐེངས་འདིའི་ལྷན་ཚོགས་དང་འབྲེལ་ཁོང་ལ་ཁ་པར་བརྒྱུད་བཅར་འདྲི་ཞུ་སྐབས། ཁོང་གིས་ལྷན་ཚོགས་དེ་འདྲ་ཞིག་ཡོད་པ་ཐོག་མར་དྲྭ་ཐོག་ནས་ཤེས་རྟོགས་བྱུང་རྗེས་ཐོ་འགོད་བྱས་ཡོད་པ་དང་། ཚོགས་བཅར་བའི་ཁྲོད་འགྲོ་སོང་སོ་སོས་གཏོང་མི་དགོས་པ་དང་། འགྲོ་སོང་ཕྱེད་ཀ་སོ་སོས་གཏོང་དགོས་པ། འགྲོ་སོང་ཆ་ཚང་སྒེར་གྱིས་གཏོང་དགོས་པ་བཅས་སྡེ་ཚན་གསུམ་ཡོད་པའི་ནང་ནས། སྒེར་གྱིས་འགྲོ་སོང་གཏོང་གི་ཡིན་ཟེར་ནས་ཐོ་འགོད་བྱེད་མཁན་ཆིག་སྟོང་ཙམ་བྱུང་ཡོད་པའི་ཁྲོད་མི་གྲངས་བརྒྱ་དང་བཅུ་ཙམ་ཞིག་བདམས་ཡོད་པའི་ནང་ཁོང་ཉིད་ཚུད་པ་རེད་ཅེས་དང་། ཚོགས་འདུའི་དམིགས་ཡུལ་དང་ལྷག་པར་དུ་ཚོགས་བཅར་བ་མང་ཆེ་བ་ནི་གཞོན་སྐྱེས་ཆབ་སྲིད་པ་དང་ཚོང་པ། ཁོར་ཡུག་སོགས་ཀྱི་ལས་འགུལ་བ་ཡིན་པ་ཤེས་རྗེས། ཚོགས་འདུར་མཉམ་ཞུགས་བྱས་ན་བོད་དོན་དྲིལ་བསྒྲགས་ལ་ཕན་ཐོགས་ཡོང་ས་རེད་བསམས་ནས་མཉམ་ཞུགས་བྱས་པ་ཡིན་ཞེས་གསུངས་བྱུང་།

དེ་བཞིན་ཁོང་གིས་ཐེངས་འདིའི་ལྷན་ཚོགས་སུ་རྒྱལ་ཁབ་༧༠ ཙམ་ནས་གཞོན་སྐྱེས་༡༡༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། ཚོགས་འདུ་ཉིན་གསུམ་གྱི་རིང་། རྒྱལ་སྤྱིའི་འབྲེལ་ལམ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོག་གཞོན་སྐྱེས་ཚོས་འགན་བཞེས་ཕྱོགས་དང་། བུད་མེད་ཚོས་འཛམ་གླིང་ཞི་བདེ་ལ་སྨན་པའི་ཞབས་འདེགས་ཇི་ལྟར་ཞུ་ཐུབ་མིན། བཅོས་མིའི་རིག་རྩལ་(Artificial intelligence) གྱིས་འཛམ་གླིང་བདེ་འཇགས་ལ་ཕན་ཐོགས་ཇི་ལྟར་ཡོད་པ་སོགས་ཀྱི་ཐོག་ལ་གཏམ་བཤད་དང་ཆེད་དོན་མི་སྣའི་བགྲོ་གླེང་སོགས་བྱས་སོང་ཞེས་དང་།

པར། བོད་ཀྱི་བང་ཆེན།

མུ་མཐུད་ཁོང་གིས་བོད་དོན་དྲིལ་བསྒྲགས་དང་འབྲེལ་ཏེ་གསུངས་དོན། ཚོགས་འདུ་ལ་ཕེབས་པའི་བྷ་ཧ་མ་སི་(Bahamas) ཡི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་དང་།སི་ཝེ་ཌན་དང་པ་ཀི་སི་ཐན་གྱི་གཞུང་ཚབ་མི་སྣ་སོགས་གནད་ཡོད་མི་སྣ་བཅུ་ཙམ་ལ་ཐུག་འཕྲད་བྱས་ནས་བོད་ནང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་ཉེན་ཁ་ཇི་ཡོད་ངོ་སྤྲོད་དང་། བོད་ལ་རྒྱབ་སྐྱོར་དང་རྒྱ་གཞུང་ལ་གནོན་ཤུགས་སྤྲད་ནས་བོད་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པའི་སྲིད་བྱུས་མཚམས་འཇོག་ཡོང་ཐབས་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་དང་། ལྷག་པར་དུ་ཁོང་རྣམས་ལ་༧གོང་ས་མཆོག་གི་ཕྱག་དེབ་ཆུང་ངུ་རེ་ཕྱག་རྟགས་སུ་ཕུལ་ཡོད་པ། དེ་བཞིན་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་སྐབས། སི་ཝེ་ཌན་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ཐུགས་འཚབ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་དང་། གཞན་ཡང་ཁོར་ཡུག་ལས་འགུལ་བ་དང་ཚོགས་བཅར་པ་དུ་མ་དང་ཐུག་ནས་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་ཀྱིས་བོད་ལ་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་ཡོད་པར་འགྲེལ་བརྗོད་གནང་བྱུང་། བསོད་ནམས་ཚེ་རིང་གིས་རྒྱུན་དུ་ང་ཚོས་བོད་ཀྱི་ཐོག་ལ་གོ་རྟོགས་ཡོད་རེད་བསམ་གྱི་ཡོད་ན་ཡང་། ཚོགས་བཅར་བ་བརྒྱ་ཆ་དགུ་བཅུ་ཙམ་ནི་བོད་ཐོག་གོ་རྟོགས་མེད་མཁན་རྐྱང་རེད་འདུག་པས་བློ་ཕམ་ཡང་བྱུང་ཞེས་བརྗོད་བྱུང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།