བོད་ཀྱི་གཞོན་ལྷན་ནས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་མཚམས་འཇོག་གི་ལས་འགུལ་སྤེལ་སོང་།
ཟླ་༧ པའི་ཚེས་༡༠ ཉིན་རྡ་ས་མེག་གྷན་གྱི་བཞི་མདོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྣེ་ཁྲིད་འོག་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞོན་ལྷན་ས་གནས་གཞོན་ནུ་རྣམས་ནས་ཉིན་གཅིག་དུས་གཅིག་གི་གཞི་རྒྱ་ཆེ་བའི་ལས་འགུལ་(རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་པའི་རྒྱལ་སྤྱིའི་ལས་འགུལ་)འགོ་འཛུགས་གནང་སོང་།
ལས་འགུལ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དབུས་པའི་ལས་བྱེད་དང་། དེ་བཞིན་ས་གནས་རྒྱ་གར་རྒྱབ་སྐྱོར་བ་ཁག་ཅིག བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་གནས་བོད་མི་བཅས་མཉམ་ཞུགས་གནང་སོང་། ཐོག་མར་རྒྱ་ནག་གི་རྒྱལ་དར་དང་ཞི་ཅིན་ཕིང་གི་འདྲ་གཟུགས་ས་ལ་དྲུད་ནས་མེག་གྷན་ཁྲོམ་གཞུང་སྐོར་བ་བརྒྱབ་པ་དང་མཉམ་དུ་ངོ་རྒོལ་སྐད་འབོད་བྱས་སོང་། དེའི་རྗེས་ལ་མེག་གྷན་གྱི་བཞི་མདོའི་དཀྱིལ་དུ་རྒྱ་ནག་གི་རྒྱལ་དར་སྟེང་དུ་རྒྱ་ནག་གི་ཐོན་རྫས་འདྲ་མིན་བཞག་ནས་བཅག་གཏོར་བྱས་པ་དང་། ཟུར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འདྲ་གཟུགས་ཤིག་བཞག་སྟེ་བཅག་གཏོར་བྱས་པའི་ཅ་དངོས་དང་མཉམ་དུ་མེར་བསྲེགས་བཏང་སོང་།
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་དུ་འཁོད་གསལ།
རྒྱ་དམར་སྲིད་གཞུང་གིས་ཏོག་དབྱིབས་རིམས་ནད་འདི་བཞིན་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་གདལ་དུ་བཏང་སྟེ། ད་བར་མི་ཚོགས་ས་ཡ་མང་པོའི་ཚེ་སྲོག་འཕྲོག་དང་འཕྲོག་བཞིན་ཡོད་མུས་དང་། རྒྱལ་ཁབ་མང་པོའི་ནང་ཁྱིམ་སྡོད་བཀའ་རྒྱ་ལག་བསྟར་བྱེད་དགོས་བྱུང་བར་བརྟེན་གཞུང་དང་མི་མང་གི་འབྲེལ་ལམ། དཔལ་འབྱོར་སོགས་ལ་གསབ་དཀའ་བའི་བརྡབ་གསིག་ཚབ་ཆེན་ཞིག་བཟོས་ཡོད་པར་སོང་། འཛམ་གླིང་ས་ཕྱོགས་གང་སར་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་གྱིས་རྒྱ་ནག་ནས་ཐོན་པའི་ཅ་དངོས་སོགས་ཉོ་ཚོང་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འགོ་ཚུགས་ཡོད། དེར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ངོས་ནས་དགྲ་བོ་རྒྱ་དམར་གྱི་སྲིད་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་ནན་པོ་བྱེད་རྒྱུ་མ་ཟད། རྒྱ་ནག་གི་ཅ་དངོས་རིགས་ཉོ་ཚོང་དང་། བེད་སྤྱོད་མཚམས་འཇོག་དགོས་ པའི་འབོད་སྐུལ་གྱིས་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལས་འགུལ་༼ རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་མཚམས་འཇོག་དགོས་པའི་རྒྱལ་སྤྱིའི་ལས་འགུལ་༽ ཞིག་སྤེལ་ཏེ། རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུད་ཀྱི་ཤུགས་རྐྱེན་སྤྲོད་ཐུབ་པ་བྱེད་རྒྱུ་དང་། རྒྱ་ནད་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་རྒྱལ་སྤྱིའི་ནང་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་ཕོག་པར་རྒྱ་ནག་གཞུང་ནས་འགན་ཁུར་དང་ལེན་གྱིས་དཔལ་འབྱོར་གུན་གསབ་ཁ་སྣོན་ངེས་པར་སྤྲོད་དགོས་པའི་བརྡ་ལེན་གསལ་པོ་ཞིག་གཏོང་རྒྱུ་ཡིན།
རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོགས་བྱ་དགོས་པའི་རྒྱུ་མཚན་མང་དག་ཅིག་ཡོད་པ་ལས་རྒྱུ་མཚན་ཆེན་པོ་བཞི་ནི།
༡༽ འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ།
ང་ཚོས་རྒྱ་ནག་ནས་ཐོན་པའི་ཐོན་རྫས་སམ་ཅ་དངོས་སོགས་ཉོ་ཚོང་བྱས་པ་ནི་དོན་དངོས་སུ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱས་པ་དང་གཉིས་སུ་མ་མཆིས་མོད། རྒྱ་ནག་གི་ཐོན་རྫས་ཉོ་ཚོང་བྱེད་པ་ནི་མང་གཙོ་དང་རང་དབང་། འདྲ་མཉམ་སོགས་ལ་གུས་བརྩི་ཡོད་མཁན་གྱི་རྒྱལ་ཁབ་ཚོའི་ཚོང་རྫས་དང་ཁྲོམ་རྭ་ང་ཚོས་འཕྲོག་པ་དང་ཁྱད་པར་མེད་པས། ང་ཚོས་ཅ་དངོས་གང་ཞིག་ཉོ་ཚོང་བྱེད་དུ་རུང་མིན་དང། ཅ་དངོས་གང་ཞིག་བེད་སྤྱོད་གཏོང་དུ་རུང་མིན་ལ་དགོངས་བཞེས་ཀྱིས་ང་ཚོ་མཉམ་རུབ་ཐོག་རྒྱ་ནག་ནས་ཐོན་པའི་ཅ་དངོས་བཀོལ་སྤྱོད་མཚམས་འཇོག་བྱས་ཏེ་ནུས་པ་མཉམ་སྤུངས་ཀྱིས་དམར་ཤོག་སྲིད་གཞུང་གི་དཔལ་འབྱོར་ལ་གྱོང་གུད་ཀྱི་གནོན་ཤུགས་སྤྲད་རྒྱུ་དེ་ཡིན།
༢༽ དམག་དོན་གྱི་གོ་ཚོན་རྒྱ་སྐྱེད།
རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་གོང་འཕེལ་ཇི་ཙམ་ཕྱིན་ན་དེ་ཙམ་གྱིས་ཁོང་ཚོའི་དམག་དོན་གྱི་གོ་ཚོན་རྒྱ་སྐྱེད་གཏོང་བ་དང་། རྩོད་རྙོག་ཡོད་སའི་ས་མཚམས་ཁག་ལ་འཇིགས་སྐུལ་གྱིས་དམག་སྦྱོང་བྱེད་པ་སོགས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་གྱིན་ཡོད། ཅ་དངོས་ཉོ་ཚོང་བྱེད་མཁན་སུ་འདྲ་ཞིག་གིས་རྒྱ་ནག་ནས་བཟོས་པའི་ཅ་དངོས་བེད་སྤྱོད་བཏང་ཚེ་དེའི་ཡོང་འབབ་ཀྱིས་རྒྱ་ནག་གི་དཔལ་འབྱོར་ཁེ་ཕན་དང་དམག་དོན་རྒྱ་སྐྱེད་བྱེད་པར་རམ་འདེགས་བྱས་པ་དང་གཅིག་མཚུངས་ཡིན།
༣༽ རྒྱ་ནད་ཏོག་དབྱིབས་རིམས་ནད། ད་ལྟའི་ཆར་རྒྱལ་སྤྱིའི་ནང་རྒྱ་ནད་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པ་ས་ཡ་༡༠ ལས་མང་བ་དང་། ནད་དུག་འདིས་རྐྱེན་པས་འདས་གྲོད་སུ་སོང་བ་འབུམ་ལྔ་ལས་མང་བ་ཡོད་པར་སོང་། རྒྱ་ནད་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་མ་སྤྲད་པ་གཅིག་ཀྱང་མེད་པའི་གནས་སུ་གྱུར་ཡོད། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཐོག་མ་ཉིད་ནས་རྒྱ་ནད་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་ཡང་དག་པ་ཞིག་མ་བྱས་པ་དང་། རིམས་ནད་དང་འབྲེལ་བའི་གནད་དོན་མང་དག་ཅིག་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་སྦས་གསང་བྱས་པ་སོགས་ཀྱི་རྐྱེན་པས། ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་གང་སར་ནད་ཡམས་དེས་དཀའ་ངལ་ཚབས་ཆེན་བཟོས་པའི་ནག་ཉེས་དང་འགན་ཆ་ཚང་ཞིག་རྒྱ་ནག་གཞུང་ནས་འཁུར་དགོས། ནད་གཞི་དེས་རྐྱེན་པས་འཛམ་གླིང་མི་མང་རྣམས་རྒྱ་ནག་སྲིད་གཞུང་ལ་ཡིད་ཆེས་བློས་འགེལ་བྱེད་དུ་མི་རུང་བའི་ངེས་པ་བརྟན་པོ་བརྙེད་ཡོད། དེར་བརྟེན་ང་ཚོ་ཚང་མས་རྒྱ་ནག་ནས་ཐོན་པའི་ཅ་དངོས་ཐོན་རྫས་ཀྱི་ཉོ་ཚོང་མཚམས་འཇོག་གིས་རྒྱ་ནག་གཞུང་ནས་འཛམ་གླིང་མིང་མང་ལ་གྱོང་གུད་དང་དཀའ་ངལ་སྤྲད་པར་གུན་གསབ་ཁ་སྐོན་བྱེད་དགོས་པའི་དགོས་འདུན་དྲག་པོ་འདོན་གྱིན་ཡོད།
༤) དེ་བཞིན་རྒྱ་ནག་གཞུང་ནས་ཉེ་ཆར་རྒྱ་གར་ས་ཁུལ་དུ་བཙན་འཛུལ་གྱིས་དཔའ་ངར་ལྡན་པའི་རྒྱ་གར་གྱི་དམག་མི་༢༠ ཡི་ཚེ་སྲོག་ཤོར་ཡོད་པས། དེར་ངོ་རྒོལ་བྱེད་ཆེད་དུ་རྒྱ་ནག་ནས་ཐོན་པའི་ཅ་དངོས་ཐོན་རྫས་ཀྱི་ཉོ་ཚོང་མཚམས་འཇོག་དགོས་པ་དང་། འཛམ་གླིང་ཡོངས་ནས་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་མི་རུང་བ་ངེས་ཤེས་རྙེད་ཡོད་ཤག་རེད། དེ་བཞིན་ཧོང་ཀོང་ནང་དུ་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་པ་ཚུད་པའི། འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གི་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ངོས་འཛིན་བྱེད་དགོས།
དེ་འདྲ་སོང་ཙང་རྒྱ་ནག་དམར་ཤོག་གཞུང་གིས་ང་ཚོ་ཚང་མར་དཀའ་ངལ་འདི་ལས་མང་བ་བཟོ་བར་བཀག་འགོག་དང་འཐབ་རྒོལ་བྱེད་ཆེད་དུ། རྒྱ་ནག་ནས་ཐོན་པའི་ཅ་དངོས་ཐོན་རྫས་ཀྱི་ཉོ་ཚོང་མཚམས་འཇོག་དགོས་པ་རེད་ཅེས་འཁོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།