བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་གསར་འདེམས།

ཟླ་འདིའི་ཚེས་༢༨ ཉིན་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་བརྒྱད་པས་རྒྱུན་ལས་སྐབས་དགུ་པ་འདེམས་ཐོན་བྱུང་བ་རྣམས་ལ་རྩིས་སྤྲོད་བྱས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༢༤ ཉིན་དྷ་རམ་ས་ལའི་མེག་གྷན་དྷ་རམ་ཀོ་ཊི(Himtrek Camps and Hostel) རུ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཆེན་འཚོགས་པ་དང་། རྒྱུན་ལས་སྐབས་༨ པའི་ལས་བསྡོམས་སྒྲོགས་སྦྱང་དང་། མཐུན་ཚོགས་ཀྱི་མ་འོངས་ལས་དོན་བྱེད་ཕྱོགས་དང་། གསར་འགོད་ལས་རིགས་དང་འབྲེལ་བའི་གནད་དོན་ཁག་ཅིག་ཐོག་གྲོས་བསྡུར་བྱས་ཡོད་པ་རེད། སྐབས་༩ པའི་རྒྱུན་ལས་ཀྱི་ངོས་ནས་ནས་ནང་ཁུལ་གོ་བསྡུར་གནང་བ་བརྒྱུད་ལས་ཡུན་ལོ་གསུམ་རིང་གི་སྤྱིའི་ལས་དོན་ཚགས་ཚུད་ཡོང་ཆེད་ལས་གནས་བརྗེ་རེས་ཀྱིས་འགན་འཁུར་གནང་རྒྱུ་ཡིན་འདུག་ལ། སྐབས་ཐོག་དང་པོའི་ཚོགས་གཙོ་ནོར་ཝེ་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་རྡོ་རྗེ་དང་། ཚོགས་གཞོན་ཕ་ཡུལ་གསར་ཁང་གི་གསར་འགོད་པ་ཆོས་སྐྱིད་ལྷ་མོ། རྩིས་པ་བང་ཆེན་གསར་ཁང་གི་གསར་འགོད་པ་བློ་བཟང་བསྟན་ཆོས། དངུལ་གཉེར་དུས་བབ་གསར་ཁང་གི་གསར་འགོད་པ་པ་སངས་ཚེ་རིང་བཅས་གཏན་ཁེལ་ཡོད་པ་རེད། 

བོད་ཀྱི་གསར་འགོད་མཐུན་ཚོགས་ནི་ཕྱི་ལོ་༡༩༩༧ ལོར་བཞུགས་སྒར་དྷ་རམ་ས་ལར་ཆེད་འཛུགས་གནང་ཡོད་པ་དང་། ཚོགས་པ་འདི་ནི་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཡོད་པའི་ཚོགས་པ་ཞིག་ཡིན་པ་མ་ཟད། ད་ལྟའི་ཆར་མཐུན་ཚོགས་ཀྱི་ཁོངས་སུ་དྷ་ས་གཙོས་བཙན་བྱོལ་ནང་གི་གསར་འགོད་པ་སུམ་ཅུ་ལྷག་མཉམ་ཞུགས་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།