བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མི་འཕོ་འགྱུར།
ཟླ་འདིའི་ཚེས་༢༥ཉིན་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མི་སྐབས་༤ པའི་ལས་ཡུན་རྫོགས་པའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།
དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་དང་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ཕེབས་ཡོད་པ་རེད།
བོད་ཀྱི་གསོ་བ་རིག་པའི་ཁྲིམས་སྒྲིག་ལྟར་ལོ་གསུམ་རེའི་མཚམས་སུ་བོད་ཀྱི་གསོ་བ་རིག་པའི་བསྟན་པར་མཛད་རྗེས་གཟེངས་སུ་ཐོན་མཁན་གཅིག་ལ་གཡུ་ཐོག་གཟེངས་རྟགས་འབུལ་གྱི་ཡོད་པ་ལྟར། ཐེངས་འདིར་ཁྲོ་རུ་མཁན་ཆེན་ཚེ་རྣམ་རིན་པོ་ཆེའི་མཚན་ཐོག་ལ་ཕུལ་སོང་།
མཛད་སྒོའི་ཐོག་སྐབས་༤ པའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་གང་དབང་བཟོད་པས། ལྷན་ཚོགས་སྐབས་༤ པའི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། སྐུ་མགྲོན་གཙོ་བོས་སྐབས་༤ པའི་འཛིན་སྐྱོང་ཚོགས་མི་རྣམས་ལ་ལག་ཁྱེར་དང་། སྐབས་༥ པའི་འཛིན་སྐྱོང་ཚོགས་མི་གསར་པ་རྣམས་ལ་མཇལ་དར་བསྒྲོན་སོང་།
དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཨ་ཀྲུག་ཚེ་བརྟན་གྱིས། བོད་ཀྱི་གསོ་བ་རིག་པ་དེ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད། དེ་བཞིན་དར་སྤེལ་གཏོང་རྒྱུ་གལ་ཆེན་ཡིན་པ། སྨན་པ་རྣམས་ཀྱིས་དུས་རབས་འདིའི་བཅོས་ཐབས་མེད་པའི་ན་ཚ་དག་གི་བཅོས་ཐབས་བཙལ་རྒྱུ་ནི་གལ་ཆེན་དང་ལས་འགན་ཡང་ཡིན་སྐོར་གྱི་གསུང་བཤད་གནང་སོང་།
དམིགས་བསལ་སྐུ་མགྲོན་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ཀྱིས། བོད་ཀྱི་གསོ་བ་རིག་པ་དང་རྒྱ་གར་ཨ་ཡུཤའི་སྡེ་ཚན་བར་གྱི་འབྲེལ་ལམ་གྱི་གནས་སྟངས་དང་ བྱུང་རིམ་སྐོར་གཏམ་བཤད་དང་འབྲེལ་ནས་གསུང་དོན། ཨ་ཡུཤ་ཡིས་གསོ་བ་རིག་པ་ཟེར་བ་དེ་བོད་ཀྱི་གསོ་བ་རིག་པར་གོ་མི་ཐུབ་ཅིང་། ལྷག་པར་དུ་བོད་ཀྱི་སྨན་རྩིས་ཁང་གི་ལས་དོན་ལ་གོ་མི་ཐུབ་པ། དམིགས་བསལ་ཨ་ཡུཤ་སྡེ་ཚན་གྱི་ངོས་འཛིན་གནང་བའི་གསོ་རིག་སྨན་ལུགས་སྡེ་ཚན་ནང་བོད་པའི་སྨན་པའི་སྐུ་ཚབ་གཅིག་ཀྱང་མེད་པས། གནད་དོན་དེའི་རིགས་མ་འོངས་པར་གནས་སྟངས་ཇི་ཆགས་ཐད། ཆེད་ལས་སྨན་པ་ཚོས་དབུས་པའི་བོད་མི་སྤྱི་སྒེར་ཚང་མས་དོ་འཁུར་གཟབ་བཞེས་གནང་དགོས་པའི་ནན་སྐུལ་གནང་སོང་།
སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོོགས་དང་སྨན་རྩིས་ཁང་དེ་གལ་འགངས་ཆེན་པོར་བརྩི་བཞིན་ཡོད་པ། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ལས་ཀ་བྱེད་ཕྱོགས་ལ་བསྔགས་བརྗོད་ཡོད་པ། ནད་གཞི་སྔོན་འགོག་ཐོག་ཕྱོགས་ཚང་མས་མཉམ་རུབ་ཐོག་ཤུགས་རྒྱག་དགོས་སྐོར་གསུངས་སོང་།
ཉིན་རྒྱབ་ལ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འོས་བསྡུའི་ཚོགས་ཆུང་ནས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་དྲུང་ཆེ་གསུམ་འོས་བསྡུ་བྱས་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།