བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་མཇུག་བསྒྲིལ།

ཚོགས་ཆེན་སྐབས་སུ། བོད་ཀྱི་བང་ཆེན་གྱི་པར།

ཕྱི་ཟླ་༡ ཚེས་ ༡༥ ནས་༡༦ བར་དུས་ཡུན་ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཐེངས་གཉིས་པ་དེ་དྷ་སའི་ཉེ་འདབས་སུ་ཆགས་པའི་ཨིམ་པེ་རི་ཡལ་གསོལ་མགྲོན་ཁང་དུ་ཚོགས་གནང་འདུག ཐེངས་འདིའི་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ།  ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་འགན་འཛིན་འབུམ་རམས་པ་ཇེན་རཱོ་ནི་སི་ (Dr Jann Ronis)།  ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་ཆེད་ལས་པ་རཱ་དྷ་རཱ་ཎི་ (Radha Rani Thakuria) དང་བྷ་ལཱ་ཀཱ་དྷེ་ (Balaka Dey)། དགོན་སྡེ་ཁག་དང་རིག་གཞུང་བསྟི་གནས་ཁང་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༥༨ མཉམ་འདུག་གནང་འདུག

ཉིན་དང་པོར་དབུ་འབྱེད་མཛད་སྒོ་ཚར་རྗེས་སྐུ་མགྲོན་རྣམ་པས་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། དེའི་རྗེས་སུ་ཆོས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམ་པས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལོ་དང་པོའི་གྲུབ་འབྲས་དང་ལོ་གཉིས་པའི་ལས་འཆར་དང་འཆར་གཞི། བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་དཀར་ཆག་མཉེན་ཆས་དང་། དེའི་ཁྱད་ཆོས་དང་ཕན་ཡོན་སོགས་ངོ་སྤྲོད་གནང་། གཞན་ཡང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ནས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་དྲྭ་ཚིགས་དང་འབྲེལ་བའི་བཅོས་མའི་རིག་རྩལ་གྱི་བྱེད་ལས་ངོ་སྤྲོད། དེ་བཞིན་ཨོ་པེཎ་དཔེ་ཆ་དང་ཨི་སུ་ཁི་ཡཱའི་འགན་འཛིན་ངག་དབང་འཕྲིན་ལས་ནས་དཔེ་རྙིང་བདག་གཅེས་གནང་ཕྱོགས་ཀྱི་ཐབས་ལམ་སྐོར་གསུངས་པ་དང་། གཞན་ཡང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེེངས་གསུམ་པ་ཟུར་ཚོགས་གནང་སྟེ། ཚོགས་བཅར་བ་གཞན་རྣམས་ཚོགས་ཆུང་ཆ་བགོས་ཀྱིས་བགྲོ་གླེང་གནང་འདུག ཉིན་གཉིས་པར་ལོ་དང་པོ་དང་། ལོ་གཉིས་པ་དང་ལོ་གསུམ་པའི་ཁོངས་ཀྱི་ཆོས་སྡེ་ཁག་དང་རིག་གཞུང་བསྟི་གནས་ཁག་བར་ཤེས་བྱ་བརྒྱུད་སྤེལ་དང་བསམ་ཚུལ་བརྗེ་ལེན། དགོན་སྡེ་ཁག་གི་ནང་དུ་རིག་དངོས་རྣམས་དངོས་སུ་བདག་གཅེས་དང་ཉར་ཚགས་བྱེད་ཕྱོགས་ཀྱི་ཐབས་ཇུས་ཐོག་གོ་བསྡུར། དེ་བཞིན་མཉམ་འདུས་ཚོགས་སྡེའི་ཆོས་སྡེ་ཁག་དང་རིག་གཞུང་བསྟི་གནས་ཁག ཆོས་རིག་ལས་ཁུངས་བཅས་ནས་ཆོས་སྡེ་ཁག་གི་དཔེ་མཛོད་འཛིན་སྐྱོང་ནུས་པ་གོང་འཕེལ་གཏོང་ཕྱོགས་ཐད་ཡུན་གནས་ཐབས་ལམ་ཐོག་གོ་བསྡུར་སྦྱངས་བཤད་གནང་ཐོག ཚོགས་བཅར་བ་ཡོངས་རྫོགས་ཚོགས་ཁང་ནང་ལྷན་འཛོམས་ཐོག་ཆེད་ལས་མི་སྣ་དང་ལྷན་དུ་བོད་ཀྱི་གྲངས་འཛིན་དཔེ་མཛོད་སྐོར་དྲི་བ་དྲིས་ལན་གནང་། གཞན་ཡང་མཇུག་བསྡོམས་སྐབས་སུ་སྡེ་ཚན་སོ་སོའི་ཚོགས་གཙོ་རྣམས་ནས་དགོངས་འཆར་སྙན་སྒྲོན་ཞུས་པ་དང་། སྐུ་མགྲོན་གཙོ་བོ་ཆོས་རིག་དྲུང་འཕར་ནས་མཇུག་བསྡོམས་གསུང་བཤད་དང་ཆོས་རིག་ལས་ཁུངས་བསྟན་འཛིན་རྟ་མགྲིན་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཐེངས་འདིའི་ཚོགས་ཆེན་མཇུག་བསྒྲིལ་ཡོད་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།