བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་བདུན་པ་འགོ་འཛུགས།
ཟླ་འདིའི་ཚེས་༡༦ ནས་ཉིན་གསུམ་རིང་དྷ་སར་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་༧ པ་འཚོགས་ཀྱི་ཡོད་པ་དང་། ཉིན་དང་པོའི་མཛད་སྒོའི་ཐོག་རྟའུ་བ་འཇམ་དཔལ་ཡེ་ཤེས་རྗེས་དྲན་གྱི་གློག་བརྙན་“དཔའ་བོ་”ཞེས་པ་བཤམ་སྟོན་བྱས་ཡོད་པ་རེད།
བོད་ཀྱི་གློག་བརྙན་དུས་སྟོན་གྱི་མཛད་སྒོ་དེ་དྷ་ས་བོད་ཀྱི་ཟློས་གར་ཁང་དུ་འཚོགས་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་ཕེབས་ཏེ། ཁོང་གིས་གློག་བརྙན་གྱི་གལ་ཆེའི་སྐོར་གསུང་དོན། བོད་དོན་ཆེད་དུ་གློག་བརྙན་བརྒྱུད་ནས་བྱས་ན་ཁྱབ་བསྒྲགས་ཆེ་བ་ཡོང་གི་རེད། ཚགས་པར་ཐོག་བཀོད་པ་དང་། རླུང་འཕྲིན་དང་བརྙན་འཕྲིན་ནང་གསུངས་པ་ལས། གློག་བརྙན་དེ་ཁྱབ་ཆེ་ཤོས་ཆགས་ཀྱི་ཡོད་པ་རེད། གློག་བརྙན་བཟོ་མཁན་མང་དུ་སོང་བ་དང་། འཛམ་གླིང་ཐོག་ཁྱབ་བསྒྲགས་ཕྱིན་པ་ཡིན་ན། བོད་ཀྱི་རྩ་དོན་རྩོད་རྒྱུ་དེ་བདེན་པ་ནི་ང་ཚོར་ཡོད་པ་རེད། ཡིན་ནའང་རྒྱ་ནག་གིས་འགྲོ་སོང་བཏང་ནས་ཕྱོགས་གང་ཐད་ནས་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱས་ཡོང་དུས། ང་ཚོས་ཀྱང་བེད་སྤྱོད་གཏོང་དགོས་པ་ཚང་མ་བེད་སྤྱོད་བྱས། གོ་སྐབས་འཇུས་ནས་གདོང་ལེན་བྱེད་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། གློག་བརྙན་དུས་དྲན་ཐེངས་བདུན་པ་ཡག་པོ་ཡོང་རྒྱུ་དང་། སིད་སུ་ནས་ཁོང་ཚོས་དེ་སྔོན་ནས་འགན་ཁུར་བ་ཡག་པོ་རེད། དོན་གྲུབ་དབང་ཆེན་གྱིས་བཟོས་པའི་གློག་བརྙན་“འཇིགས་བྲལ་”ཞེས་པ་ཚང་མས་གཟིགས་ཡོད་རེད། བོད་ནང་གི་བོད་མིས་ག་རེ་ཟེར་གྱི་ཡོད་པ་འཛམ་གླིང་ཐོག་ཁྱབ་བསྒྲགས་སོང་ནས་བོད་དོན་ཆེད་བདེན་དཔང་བྱེད་ཐུབ་ཀྱི་ཡོད་པ་རེད་ཅེས་གསུངས་སོང་།
བོད་ཀྱི་གློག་བརྙན་དུས་སྟོན་གྱི་འགན་ཁུར་བ་སྤྱི་ཟུར་བཀྲས་མཐོང་དབང་པོས་གློག་བརྙན་གྱི་གལ་ཆེའི་རང་བཞིན་དང་། དུས་སྟོན་དེའི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་སོང་།
དཔའ་བོ་ཞེས་པའི་གློག་བརྙན་ནི་རང་ལུས་མེར་སྲེག་གིས་རྒྱ་རྒོལ་བྱས་ཏེ་སྐུ་གྲོངས་པའི་རྟའུ་བ་འཇམ་དཔལ་ཡེ་ཤེས་རྗེས་དྲན་དང་འབྲེལ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས། མི་མང་གིས་ངོ་རྒོལ་སྐོར་དང་། ཕོ་སར་ཞིག་བཙོན་འཇུག་བྱས་རྗེས་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་བའི་བརྒྱུད་རིམ། རྗེས་སུ་ལྡི་ལི་རུ་རྒྱ་ནག་ལ་ངོ་རྒོལ་བྱས་ནས་རང་ལུས་མེར་སྲེག་བཏང་བའི་བརྒྱུད་རིམ་སོགས་ཡིན་པ་རེད།
གློག་བརྙན་དུས་སྟོན་དེ་༢༠༠༨ ལོར་རྒྱ་ནག་གི་བཙན་འོག་དུ་ཡོད་པའི་བོད་མི་ཚོར་དོན་གྲུབ་དབང་ཆེན་གྱིས་བོད་དོན་དང་འབྲེལ་བའི་བཅར་འདྲི་བྱས་པའི་གློག་བརྙན་<<འཇིགས་བྲལ་>>ཞེས་པ་བཟོས་རྗེས། དོན་གྲུབ་དབང་ཆེན་རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ། ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པར། རྗེས་དྲན་ཆེད་དུ་༢༠༠༩ ལོར་འགོ་འཛུགས་བྱས་པ་ཞིག་ཡིན་པ་རེད།
བོད་ཀྱི་གློག་བརྙན་དུས་སྟོན་དེའི་ཐོག་བོད་མིས་བཟོས་པའམ། བོད་སྐོར་གྱི་གློག་བརྙན་ཁོ་ན་སྟོན་གྱི་ཡོད་པ་དང་། དེ་ཡང་བོད་ཕྱི་ནང་གཉིས་ནས་གློག་བརྙན་བཤམ་སྟོན་དང་། བཙན་བྱོལ་ནང་ནས་བཟོས་པའི་གློག་བརྙན་ཐུང་གྲས་སྐར་མ་ལྔ་ཅན་ཁག་ཅིག་འགྲན་སྡུར་བྱས་ཏེ། བྱ་དགའ་སྤྲོད་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།