བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ཀྱིས་ཇི་ནི་ཝའི་ལྷན་ཚོགས་ཐེངས་༡༧ པའི་ཐོག་བོད་དོན་གཏམ་བཤད་གནང་།

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ཀྱིས་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་ལྷན་ཚོགས་ཐེངས་༡༧ པའི་ཐོག་རྒྱ་གཞུང་གི་དྲག་གནོན་དང་དབང་སྒྱུར་འོག་སྡུག་སྦྱོང་མནར་གཅོད་མྱངས་པའི་བརྒྱུད་རིམ་ཐོག་གསུང་བཤད་གནང་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།

ཉེ་ཆར་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་བོད་དོན་ཞུ་གཏུག་ཆེད་སུད་སི་དང་ཇར་མི་ནི་བཅས་སུ་ཕྱིན་ཏེ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་ཁབ་དེ་གའི་གནད་ཡོད་མི་སྣ་སོགས་མཇལ་འཕྲད་ཀྱིས་བཙོན་འོག་གི་ཁོང་མོའི་ཉམས་མྱོང་དང་འབྲེལ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་བཞིན། ཟླ་འདིའི་ཚེས་༡༨ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར། ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐེངས་༡༧ པ་དབུ་འཛུགས་དང་། ལྷན་ཚོགས་ཐོག་ཨུ་རུ་སུ་དང་། རྒྱ་ནག ཧོང་ཀོང་། ཤར་ཏུར་ཀི་སི་ཐན། ཨི་རན། བཅས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་སྐོར་གསུང་བཤད་གནང་མཁན་དྲག་འདེམས་ཞུས་པ་བཞིན། བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་འོག ཁོང་ཉིད་ཀྱིས་སྡུག་སྦྱོང་མནར་གཅོད་མྱངས་པའི་བརྒྱུད་རིམ་ཐོག་གསུང་བཤད་གནང་ཡོད་འདུག

སྐབས་དེར་རྣམ་སྐྱིད་ཀྱིས་ཕྱི་ལོ་༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན། ཁོང་དང་ཁོང་གི་སྤུན་མཆེད་བསྟན་འཛིན་སྒྲོལ་མ་གཉིས་ཀྱིས་རྔ་བ་རྫོང་གི་དཔའ་བོའི་ཁྲོམ་གཞུང་ནས་ལག་ཏུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཆེན་པོ་གཉིས་བཟུང་སྟེ། བོད་ལ་རང་དབང་དགོས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་མགྱོགས་ནས་མྱུར་ཏུ་བོད་ལ་ཕེབས་ཏུ་འཇུག་དགོས། སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱས་ནས་སྐར་མ་༡༠ ཙམ་ཡང་མ་འགོར་བར་རྒྱབ་ལོག་ནས་སྐད་སྒྲ་ཆེན་པོ་ཞིག་གྲགས་པ་དང་ལྷན། ཉེན་རྟོག་པ་ཡོང་ནས་ཁོང་གཉིས་འཛིན་བཟུང་བྱས་པའི་སྐོར་དང་།

བཙོན་ཁང་དུ་དམག་སྦྱོང་བྱས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་ཟེར་བ་སོགས་ཀྱི་རྒྱ་ཡིག་གི་ཡིག་ཆ་མང་པོར་སློབ་སྦྱོང་བྱས་ཏེ་ངག་རྒྱུགས་གཏོང་བ། ངལ་རྩོལ་གྱི་ལས་ཀ་ཚད་མེད་བྱེད་བཅུག་པ། ཟས་བཅུད་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པ། དགུན་དུས་སུ་ཉལ་ཆས་གྱོན་གོས་སྲབ་དྲགས་ནས་གྲང་ངར་ཆེ་བ། མི་རིགས་མི་འདྲ་བའི་མཐོང་ཆུང་དང་དབྱེ་འབྱེད་སོགས་དཀའ་སྡུག་གང་མང་མྱངས་པའི་སྐོར།

དེ་བཞིན། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༡ ཉིན་ཁོང་གཉིས་བཙོན་འཇུག་དུས་ཡུན་ཚང་ནས་གློད་བཀྲོལ་བཏང་རྗེས་རྔ་བ་རྫོང་པདྨ་ལྷ་ཐང་མངགས་གཏོང་ཁང་དུ་བདུན་ཕྲག་གཅིག་རིང་བཞག་སྟེ། ཁྱིམ་མིར་ཁག་ཐེག་ཡི་གེ་འབྲི་རུ་བཅུག་པ་མ་ཟད། ཁོང་གི་ཕུ་བོ་ཡང་བཙོན་ཁང་དུ་ཡོད་པས་ཁོང་ཚང་ཁྱིམ་ཐོ་ནག་པོའི་ནང་བཅུག་ཡོད་པ། ཁོང་གཉིས་གློད་བཀྲོལ་ཐོབ་རྗེས་ཀྱང་ལྟ་རྟོག་འོག་བཞག་ནས་འགྲོ་འདུག་ལ་རང་དབང་གཏན་ནས་མེད་པ་དང་། ཐ་ན་མི་ཞིག་ལ་ཐུག་དགོས་ཀྱང་འཛེམས་དོགས་བྱེས་དགོས་པ་སོགས་དཀའ་ངལ་མུ་མཐུད་དུ་འཕྲད་པར་བརྟེན། ཕྱི་ལོ་ ༢༠༢༣ ཟླ་༥ ཚེས་༡༣ ཉིན་ཁོང་གི་ཨ་ནེ་ཚེ་རིང་སྐྱིད་དང་ལྷན་དུ་ཁྱིམ་མི་སོགས་སུ་གང་ལའང་ཤེས་སུ་མ་བཅུག་པར་རྒྱ་གར་ནང་བཙན་བྱོལ་དུ་ཡོང་བའི་སྐོར་ལ་གསུང་བཤད་གནང་ཡོད་འདུག་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་མུ་མཐུད་ཡོང་བའི་རེ་སྐུལ་གནང་ཡོད་འདུག།

ཇི་ནི་ཝའི་འགྲོ་བ་མིའི་ཐོབ་དང་མང་གཙོའི་ལྷན་ཚོགས་དེ་ནི་གཙོ་བོར་སྲིད་གཞུང་ཁག་གིས་དྲག་གནོན་དབང་སྒྱུར་འོག་མནར་གཅོད་མྱངས་པའི་གང་ཟག་རྣམས་ལ་ཉན་ཞིབ་གནང་རྒྱུའི་གོ་སྐབས་བསྐྲུན་པ་བརྒྱུད། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་ཐབས་འཚོལ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་ཁག་ཐེར་འདོན་གནང་རྒྱུར་དམིགས་ཏེ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་༢༥ ནས་མཉམ་འབྲེལ་ཐོག་ལོ་ལྟར་གོ་སྒྲིག་གནང་གི་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།