བོད་ཀྱི་ཆོས་བརྒྱུད་དྲུག་གི་རིས་མེད་ཀྱི་དགེ་མཚན་གླེང་བ།

ཟླ་འདིའི་ཚེས་༩ ཉིན་གྱི་ཕྱི་དྲོར་རྒྱ་གར་རྡོ་རྗེ་གདན་མཆོད་རྟེན་ཆེན་མོའི་ནང་དུ་རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་གོ་སྒྲིག་འོག རིས་མེད་ཀྱི་དགེ་མཚན་གླེང་བ་ཞེས་པའི་བགྲོ་གླེང་དབུ་འཛུགས་བྱས་ཡོད་པ་རེད། ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། བྱང་རྩེ་ཆོས་རྗེ་གཉིས་ཕེབས་ཏེ། གསུང་བཤད་གནང་ཡོད་པ་རེད།

15970051_1206842066060911_1498037302_nརྒྱལ་སྤྱིའི་བོད་བརྒྱུད་རིས་མེད་མཐུན་ཚོགས་ཀྱི་ཚོགས་གཞོན་དགེ་བཤེས་གཡུང་དྲུང་གིས་ཚོགས་པ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་དོན། “རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ལྷན་ཚོགས་ནི་༢༠༡༠ ལོར་ཨ་རིར་བཙུགས་པ་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་དྲུག་སྟེ་གཡུང་དྲུང་བོན་དང་། སྔ་འགྱུར་སྙིང་མ། འགྲོ་མགོན་བཀའ་བརྒྱུད་པ། དཔལ་ལྡན་ས་སྐྱ་པ། རྒྱལ་བ་ཇོ་ནང་པ། རི་བོ་དགེ་ལུགས་པ་བཅས་ལས་གྲུབ་ཡོད་པ་རེད་”ཅེས་གསུངས་སོང་། དེ་བཞིན་ཁོང་གིས་ཚོགས་པའི་དམིགས་ཡུལ་སྐོར་གསུང་དོན། “ཚོགས་པ་དེ་བཙུགས་དགོས་པའི་དམིགས་ཡུལ་ནི་གངས་ལྗོངས་ཆོས་ལྡན་གྱི་རྒྱལ་ཁབ་ཆེན་པོ་འདིའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། འཇིག་རྟེན་སྤྱི་འགྲོས་ལྟར་སྐབས་རེར་དགའ་འོས་པ་དང་རེས་འགའ་ངུ་ཤོར་འགྱུར་འགྲོས་དང་དར་རྒུད་སྣ་ཚོགས་ཤིག་བྱུང་མྱོང་ཡོད་”ཅེས་དང་། “ལྷག་པར་རང་རེའི་འདས་པའི་བྱུང་རབས་ནང་ཆེས་ཐབས་རྡུགས་ཞིང་བོད་སྤྱིའི་བསོད་ནམས་རྒུད་པའི་རྒྱུ་རྐྱེན་གཙོ་བོ། ཆོས་བརྒྱུད་ཕན་ཚུན་བར་ཆགས་སྡང་ཕྱོགས་རེས་བརྩད་དེ་དམ་ཚིག་ནང་འགལ་དང་། སྡེ་འཁྲུགས་ནང་དམེ་སོགས་ཀྱི་ལོ་རྒྱུས་ཡ་ང་བ་དག་བྱུང་བའི་ཉམས་མྱོང་ལ་གཞིགས་སྟེ། དུས་རབས་ཀྱི་འགྲོས་དང་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་ཐུགས་དགོངས་དང་མཐུན་པ་ཞིག། སྤྱི་ཚོགས་བདེ་འཇགས་དང་། མཐུན་ལམ་བཟང་པོ་ཡར་རྒྱས་ཀྱི་སྒོ་ནས་རིས་མེད་བསྟན་འགྲོར་སྨན་པའི་ལེགས་སྐྱེས་དང་མིག་དཔེ་བཟོ་པོ་ཞིག་སྟོན་ཆེད་མཐུན་ཚོགས་འདི་བཙུགས་པ་ཡིན་”ཞེས་གསུངས་སོང་།

15978335_1206842212727563_604840552_nསྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་བགྲོ་གླེང་ཚོགས་འདུ་དེ་དང་འབྲེལ་ནས་གསུང་བཤད་གནང་སྐབས། བཀའ་ཤག་གི་ལྟ་གྲུབ་ཆིག་སྒྲིལ་དང་། རང་ཁ་རང་གསོ། གསར་བཏོད་བཅས་གསུམ་ཡིན་པས། རིས་མེད་ཀྱི་ཚོགས་འདུ་དེ་བཀའ་ཤག་གི་ལྟ་གྲུབ་ཆིག་སྒྲིལ་དང་ཧ་ཅང་མཐུན་པ་དང་། དེ་སྔོན་བོད་པའི་ལོ་རྒྱུས་ནང་ཆོས་བརྒྱུད་བར་གྱི་རྙོག་གྲ་བྱུང་ཡོད་སྐོར། དེ་བཞིན་ད་ལྟ་རྒྱལ་ཁབ་མང་པོའི་ནང་གི་རྙོག་གྲ་དང་དམག་འཁྲུག་བྱུང་བ་ཁག་ཆོས་བརྒྱུད་རྙོག་གྲ་དང་འབྲེལ་བ་ཡོད་སྐོར། “ནང་ཁུལ་ཆིག་སྒྲིལ་དང་ཆོས་བརྒྱུད་ཆིག་སྒྲིལ་དང་མཐུན་པོ་བྱུང་ན་ང་ཚོའི་མ་རྩ་དེ་ཡིན་པས། ཆོས་བརྒྱུད་རིས་མེད་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་”ཅེས་དང་། དེ་ནི་༧གོང་ས་མཆོག་གི་དགོངས་གཞི་གཙོ་བོ་ཡིན་སྐོར་གསུངས་སོང་།

སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་ཀྱིས་གསུང་བཤད་གནང་སྐབས། “ཚོགས་པ་འདི་འདྲ་བཙུགས་པའི་དགོས་པ་རང་རང་གི་བཤད་སྒྲུབ་འཆད་ཉན་མི་ཉམས་པ་བྱེད་རྒྱུ་དང་། དེ་ཚོར་གོ་རྟོགས་ཡོང་བ་ཙམ་མ་ཡིན་པར་གལ་ཆེ་ཤོས་དེ་ཁ་སང་༧སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་གནང་བ་བཞིན། ཕན་ཚུན་དམ་ཚིག་གཙང་མ་ཡོང་བར་རིས་སུ་མ་ཆད་པའི་ཆོས་དེ་དག་ལ་ཕན་ཚུན་གསན་བསམ་གནང་ནས། རྙིང་མ་ཡིན་ན་ས་སྐྱ་དང་དགེ་ལུགས་ལ་གསན་བསམ་དང་དགེ་ལུགས་ཡིན་ན་རྙིང་མ་དང་དེ་ཚོར་གསན་བསམ་གནང་ནས་སོང་ན་ཐུགས་མཐུན་ཁྲིམས་གཙང་ཡོང་གི་རེད་”ཅེས་ཆོས་བརྒྱུད་ཕན་ཚུན་གུས་བརྩི་དང་ཕན་ཚུན་ཤེས་པ་བྱེད་ཐབས་དགོས་སྐོར་དང་། ཚོགས་འདུ་ཚོགས་པ་ཙམ་མ་ཡིན་པར་ཕན་ཚུན་ཉམས་ཞིབ་དང་མཐུན་པོ་ཡོང་ཐབས་དགོས་སྐོར་སོགས་གསུངས་སོང་།

ཚོགས་གཙོ་ཟུར་པ་བསོད་རྒན་རིན་པོ་ཆེས་ལས་ཐོག་ཚོགས་གཙོ་སྤྲུལ་སྐུ་འཇིགས་མེད་དབང་གྲགས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་བ་དང་། རྒྱ་གར་དུ་ཚོགས་པ་དེའི་ཡན་ལག་ཅིག་འཛུགས་ཐུབ་པར་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

ཟླ་འདིའི་ཚེས་༡༢ དང་༡༣ ལ་རྡོར་གདན་ཞེ་ཆེན་དགོན་པར་རིས་མེད་ཆོས་བརྒྱུད་དྲུག་གི་མཁས་དབང་ཁག་ཅིག་གིས་རིས་མེད་ཀྱི་དགེ་མཚན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོར་གདན་ནས།