བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་རྒྱུན་ལས་གསར་འདེམས།

ཟླ་འདིའི་ཚེས་༢༧ ནས་ཉིན་གསུམ་རིང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དེ་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་འཚོགས་པ་དང་། སྐབས་བདུན་པའི་རྒྱུན་ལས་གསར་འདེམས་བྱས་ཡོད་པ་རེད།

unnamedདེ་ཡང་ཟླ་འདིའི་ཚེས་༢༩ ཚོགས་ཞུགས་པས་རྒྱུན་ལས་བཅུ་གཅིག་གསར་འདེམས་བྱས་པ་དང་། བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ཚོགས་གཙོར་འདེམས་ཐོན་བྱུང་ཡོད་པ་རེད།

ཚོགས་གཙོ་རྙིང་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ཚོགས་པ་ཞིག་ལ་མཚོན་ན་འགོ་བཙུགས་པ་ལས་མཇུག་སྐྱེལ་རྒྱུ་དེ་ཁག་པོ་ཡོད་པ་རེད། ང་ཚོའི་ཚོགས་པ་འདི་གནས་པ་ཙམ་གྱིས་མི་འགྲིག་པར། བོད་ཀྱི་རྩ་དོན་གྱི་དམིགས་ཡུལ་ཞིག་འགྲུབ་དགོས་ཀྱི་ཡོད་པ་རེད། བོད་ནང་དུ་ཆབ་སྲིད་བཙོན་པ་སྟོང་ཕྲག་ཁ་ཤས་ཡོད་རེད་ལ། དེ་ཚོའི་མངོན་འདོད་དང་རེ་བ། དེ་བཞིན་རང་ལུས་མེར་སྲེག་གནང་མཁན་བརྒྱ་དང་ལྔ་བཅུ་ལྷག་བྱུང་བའི་ཞལ་ཆེམས་ལ་བདག་པོ་ཞིག་རྒྱག་དགོས་རེད། ང་ཚོ་བཙན་བྱོལ་ལ་སླེབས་པའི་མི་ཐོག་གསར་རྙིང་ཁ་ཤས་བརྗེ་ཡོད་རེད་ལ། དེའི་འགན་གཙོ་བོ་བོད་གངས་ཅན་ལྗོངས་ལ་ཕར་ཕེབས་དགོས་པ་དང་། བོད་ལ་རང་དབང་གི་བདེ་སྐྱིད་ཉི་མ་ཤར་དགོས་པ་དེ་ང་ཚོའི་རྩ་བའི་དམིགས་ཡུལ་རེད། མུན་ནག་དང་གདུག་རྩིབ་ཆེ་བའི་རྒྱ་ནག་གུང་ཁྲན་གྱི་དབང་བསྒྱུར་འོག་ང་ཚོར་ཆབ་སྲིད་བཙོན་ཡོད་རེད། བོད་རྒྱལ་ཁབ་ཤོར་སོང་བའི་གནས་སྟངས་རེད་ལ། བོད་ཀྱི་བདག་དབང་དེ་སླར་གསོ་མ་ཐུབ་ན། ང་ཚོའི་ཆབ་སྲིད་བཙོན་པ་རྫོགས་རྒྱུ་མིན་པ་དེ་གསལ་པོ་རེད། རྒྱུན་ལས་གསར་པ་ཚོས་བོད་ཀྱི་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་ལ་གདོང་ལེན་བྱེད་དགོས་རེད་ལ། རྒྱ་ནག་གཞུང་ལ་ང་ཚོས་ཁ་གཏད་གཅོག་པ་དེ་སྲིད་དབང་སྒེར་གཅོད་པར་ཁ་གཏད་གཅོག་གི་ཡོད་པ་རེད་ཅེས་བོད་དེ་མི་སེལ་སྤེལ་ཡུལ་ཆགས་ཡོད་སྐོར་སོགས་གསུངས་སོང་།

ཚོགས་གཙོ་གསར་པ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་ད་ལྟ་དགུ་བཅུ་གསུམ་གྱི་ཚོགས་མི་མང་པོ་ཞིག་ཕྱི་རྒྱལ་ཁག་ལ་འགྲོ་བཞིན་ཡོད་པས། ཁོང་ཚོར་མུ་མཐུད་འབྲེལ་ལམ་ཉར་ཐབས་དང་། ད་ལྟའི་ཚོགས་ཆེན་ཐོག་གི་གྲོས་ཆོད་ཁག་ལག་བསྟར་བྱེད་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག

ཚོགས་ཆེན་དེའི་ཐོག་མ་འོངས་ལས་དོན་བྱེད་ཕྱོགས་སུ་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་དང་།  དེ་ཡང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཡར་རྒྱས་གཏོང་ཐབས། བོད་ཀྱི་ཆབ་སྲིད་བཙོན་པའི་ལོ་རྒྱུས་པར་སྐྲུན་དང་རྒྱལ་སྤྱིའི་ཐོག་ངོ་སྤྲོད་ཡོང་ཐབས། ཆབ་སྲིད་བཙོན་ཟུར་ཚོར་ལྟ་སྐྱོང་། མ་འོངས་པར་ཚོགས་གཙོ་དང་རྒྱུན་ལས་འདེམས་བསྐོ་བྱེད་སྐབས་ལྟ་བ་དང་ལངས་ཕྱོགས་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པ་ལས་བསྐུར་འདེབས་དང་ཟུར་ཟ་བྱེད་མཁན་རིགས་རྩ་བ་ནས་མ་སླེབ་པར་བྱེད་དགོས་པ། འོས་ཐོབ་བྱུང་བའི་རྒྱུན་ལས་ལས་ཁུར་གྱི་རིང་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་ལངས་ཕྱོགས་དང་ལྟ་བ་ལ་དངོས་ཤུགས་བརྒྱུད་གསུམ་ནས་སྐྱོན་བརྗོད་ཀྱི་རིགས་གཏན་ནས་བྱ་མི་ཆོག་པ་སོགས་ཀྱི་སྐོར་ལ་གྲོས་ཆོད་བཞག་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།