བོད་ཀྱི་དཔའ་མོ་རྟ་དཔོན་ཚང་ཨ་མ་ཨ་བདེ་ལ་རྗེས་དྲན་ཞུ།

ཡེ་ཤེས་རྡོ་རྗེ།
འདིར་རྟ་དཔོན་ཚང་ཨ་ཞེ་ཨ་མ་ཨ་བདེ་ལགས་སྐུ་འདས་གྲོངས་སོང་བར་རང་སྒེར་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཞིག་བྲིས་ཏེ་ཁོང་ལ་རྗེས་དྲན་ཞུ་བ་ཡིན།
དེ་ཡང་སྤྱི་ལོ་༡༩༩༦ ལོ་ནས་ལོ་འགའ་ཡི་རིང་ངས་དགོང་མོ་ཟ་ཁང་ནང་ལས་ཀ་བྱེད་པ་དང་ཉིན་མོ་རྒྱལ་སྤྱིའི་བོད་དོན་ཁྲིམས་རྩོད་ཚོགས་པ་དང་མི་ལ་རས་པ་ཐེབས་རྩ་ཁང་གཉིས་ནང་དང་བླངས་བྱེད་ཞོར་དུ་སློབ་གྲྭ་ཆེན་མོར་འགྲོ་རྒྱུའི་སྟ་གོན་ཆེད་སྡེ་ཁུལ་མཐོ་སློབ་(community college) ནང་འཛིན་གྲྭ་ལེན་གྱི་ཡོད། རིམ་བཞིན་མི་ལ་རས་པའི་ཐེབས་རྩ་ཁང་གིས་ངའི་ལས་ཀ་ལ་དགའ་མོས་བྱུང་ནས་ང་ལས་ཀ་སྤྲད་པ་དང་བོད་དོན་ལས་འགུལ་སྤེལ་མཁན་གྱི་ལས་འགན་སྤྲད་བྱུང་། དེ་ནས་ཟ་ཁང་གི་ལས་ཀ་དེ་གཡུག་ནས་མི་ལ་རས་པའི་ཐེབས་རྩ་ཁང་གིས་སྤྲད་པའི་ལས་འགན་དེ་སྒྲུབ་བཞིན། ཐོག་མ་ནས་ཡོད་པའི་གསར་འགོད་རིག་པ་སློབ་སྦྱོང་བྱེད་རྒྱུའི་འདུན་པ་བློས་མ་བཏང་བར་གཟའ་མཇུག་ཏུ་སྡེ་ཁུལ་མཐོ་སློབ་ནང་གསར་འགོད་ཀྱི་གཞི་རྩའི་སློབ་སྦྱོང་མུ་མཐུད་ནས་བྱས་པ་ཡིན། དེ་ནི་ང་སྦིར་སློབ་གྲྭ་ནང་ཡོད་དུས་སེམས་ནང་འཁོར་བའི་ཕུགས་འདུན་ཞིག་ཡིན།
སྐབས་དེ་དུས་སུ་ཨ་མ་ཨ་བདེ་ལགས་དང་ཨ་ནེ་དཔལ་ཆེན་ལགས་རྣམ་གཉིས་རེ་རེ་བཞིན་དེབ་ཀྱི་སྐོར་སྐྱོད་གནང་བར་ཕེབས་སྐབས་མཇལ་མྱོང་ལ། ཨ་ནེ་དཔལ་ཆེན་ལགས་ཀྱི་གཏམ་བཤད་སྐབས་སྐད་བསྒྱུར་ཡང་བྱས་པ་ཡིན། ཁོང་གཉིས་ཀས་ང་ལ་དགའ་པོ་བྱས་པ་དང་ངས་བྱེད་བཞིན་པའི་བྱ་བ་ལ་བཅོས་མིན་གྱི་བསྔགས་བརྗོད་ཀྱང་གནང་མྱོང་། རྗེས་སུ་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལ་ཡང་ངའི་བྱེད་ཕྱོགས་ལ་བསྔགས་བརྗོད་ཀྱི་སྐད་ཆ་བཤད་ཡོད་པ་ལོ་མང་པོའི་རྗེས་ལས་ཁུངས་དེའི་ནང་ལས་ཀ་བྱེད་སྐབས་ཤེས་སོང་། འོན་ཀྱང་ཨ་མ་ཨ་བདེ་ལགས་ཀྱིས་ང་སྒེར་གྱི་མི་ཚེའི་ནང་ཕན་ཐོགས་ཆེན་པོ་ཞིག་ཡོང་བའི་རྐྱེན་བྱེད་རྒྱུ་ཡིན་པ་དེའི་སྐབས་དེར་སུ་ཡིས་ཤེས།
སྤྱི་ལོ་༡༩༩༩ ལོའི་ལོ་མཇུག་ཏུ་ཨ་རིའི་མངའ་སྡེ་མི་ཤེ་གྷན་ནང་གི་གཙུག་ལག་སློབ་གྲྭ་ཞིག་གིས་བོད་པ་གཅིག་ལ་སློབ་ཡོན་སྤྲོད་རྒྱུའི་གསལ་བསྒྲགས་བྱས་སོང་། དེ་ནི་ང་རྒྱ་གར་སྦིར་སློབ་གྲྭའི་ནང་རྩ་བ་བཙུགས་པའི་སློབ་སྦྱོང་ལ་ཨ་རིའི་སྡེ་ཁུལ་མཐོ་སློབ་ནང་ཁ་གསབ་རྒྱུན་རིང་ཙམ་བྱས་རྐྱེན་ད་གཟོད་མཐོ་རིམ་སློབ་གྲྭའི་སྟ་གོན་ཚང་མ་འགྲིག་པའི་སྐབས་དང་ཁེལ་བ་མ་ཚད། མི་ལ་རས་པ་ཐེབས་རྩ་ཁང་ལས་བྱེད་ཉུང་དུ་བཏང་ནས་ནེའུ་ཡོག་ཏུ་སྤོ་རྒྱུའི་ཐག་གཅོད་བྱས་པའི་སྐབས་ཡིན་པས། ངས་གཙུག་ལག་སློབ་གྲྭ་དེར་སྙན་ཞུ་ཕུལ་ནས་སློབ་ཡོན་གྱི་འོས་མིའི་ནང་ཞུགས་པ་ཡིན། འགྲན་བསྡུར་དེའི་ཆེད་དུ་རྩོམ་ཡིག་ཞིག་བྲིས་ཤོག་ཟེར་བ་ལྟར་བྲིས་པས་དུས་ཚོད་མང་པོ་མ་འགོར་བར་ང་ལ་སློབ་ཡོན་དེ་སྤྲོད་རྒྱུའི་ཐག་བཅད་འདུག
སྤྱི་ལོ་༢༠༠༠ ལོར་ང་གཙུག་ལག་སློབ་གྲྭ་དེའི་ནང་འབྱོར་རྗེས་སློབ་ཡོན་དེའི་འབྱུང་ཁུངས་ཀྱི་ལོ་རྒྱུས་གཞི་ནས་ཤེས་སོང་། དེ་ཡང་རྟ་དཔོན་ཚང་ཨ་མ་ཨ་སྡེ་ལགས། དབྱིན་ཇིའི་ནང་བྲིས་པའི་ཁོང་གི་དེབ། དྲན་གསོ་མཁན་གྱི་སྒྲ། བུད་མེད་གཅིག་གིས་ལོ་རྒྱུས་ལྡན་པའི་བོད་ཀྱི་རང་དབང་ཆེད་ཀྱི་འཐབ་འཛིང་ཅེས་པ་དེའི་ཆེད་དུ་སྐོར་སྐྱོད་གནང་སྐབས། མི་ཤེ་གྷན་དུ་ཕེབས་ནས་གཙུག་ལག་སློ་གྲྭ་དེའི་སློབ་སྤྱི་དང་མཇལ་འཕྲད་བྱུང་ཡོད་པ་དང་། སློབ་སྤྱི་ཡིས། ངས་བོད་ཀྱི་ཆེད་དུ་ཅི་བྱེད་དགོས་སམ་ཅེས་བྲིས་པར། ཨ་མ་ཡིས་བོད་ཕྲུག་ཚོར་སློབ་སྦྱོང་གི་རོགས་པ་བྱེད་རོགས་ཅེས་ཞུས་ཡོད་པ་རེད། ཨ་མ་ཨ་བདེའི་ལོ་རྒྱུས་ཀྱིས་སློབ་སྤྱི་ལ་སེམས་འགུལ་ཆེན་པོ་ཐེབས་ནས། རྗེས་སུ་སློབ་སྤྱིས་རང་ཉིད་ཀྱི་དབང་ཆ་སྤྱད་ནས་སློབ་སྤྱིའི་སློབ་ཡོན་ཟེར་བ་དམིགས་བསལ་ཞིག་བཟོས་ཏེ་བོད་ཀྱི་སློབ་མ་ཞིག་ལ་སློབ་ཡོན་སྤྲོད་རྒྱུའི་ཐག་བཅད་འདུག
འདི་ནི་ཆོས་པ་ཡིས་དགེ་བ་འགྲོ་ཞོར་སྡོད་ཞོར་གསོག་པ་དང་། ཚོང་པ་ཡིས་ཚོང་གི་ཁེ་སང་འགྲོ་ཞོར་སྡོད་ཞོར་ལ་ལེན་གྱི་ཡོད་པ་ལྟར། བོད་ཡུལ་ལ་ལྷག་བསམ་དཀར་ཞིང་སྤྱི་དོན་ལ་སེམས་ཁུར་ཅན་གྱིས་ཨ་མ་ཨ་བདེ་ལ་མཚོན་ན། འདི་ནི་ཁོང་གིས་འགྲོ་ཞོར་དུ་སྐད་ཆ་བཤད་ཐེངས་གཅིག་གིས་བཞག་པའི་ལག་རྗེས་ཤིག་རེད། ཁོང་གིས་སློབ་ཡོན་དེའི་སྐོར་ཤེས་ཀྱི་ཡོད་མེད་མི་ཤེས་མོད། ངས་ཁོང་ལ་རྗེས་སུ་སྣེ་ལེན་ཁང་བརྒྱུད་ནས་ཡི་གེ་ཞིག་ཕུལ་ནས་དེའི་སྐོར་བྲིས་ཡོད་པ་དེ་འཕྲོད་ཡོད་པར་སྨོན།
སྐབས་དེར་རང་ཉིད་སློབ་ཡོན་དང་པོ་ཐོབ་མཁན་དེ་ཡིན་ཙང་སློབ་ཡོན་དེ་རྒྱུན་མཐུད་ནས་གནས་རྒྱུའི་འདུན་པ་ཆེ་ལ། ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་བ་གྷི་ལེན་ཧྥི་རེས་མཱན་དང་སྐབས་དེའི་ཁོང་གི་གཟའ་ཟླ་དང་བོད་དོན་རྒྱབ་སྐྱོར་བ་དེ་བཞིན་སློབ་གྲྭ་དེའི་རོལ་དབྱངས་དགེ་རྒན་བཅས་ཡིན་པའི་ཁརྶི་ཊེས་ནཱ་ཧྥུང་། དེ་བཞིན་བོད་ཀྱི་ནང་ཆོས་ཉམས་ལེན་བྱེད་མཁན་སློབ་གྲྭ་དེའི་གཙུག་ལག་སློབ་དཔོན་དང་ངས་བོད་ཡིག་སློབ་སའི་སློབ་མ་ཡིན་པའི་མའེ་ཁོལ་དྷུ་ཝེའེ་བཅས་ཀྱིས་ཀྱང་སློབ་ཡོན་དེ་མུ་མཐུད་ནས་གནས་རྒྱུར་འདུན་པ་བྱེད་ཀྱི་འདུག་པར་བརྟེན་ནས་ང་ཚོ་རྣམས་སློབ་སྤྱི་མཇལ་བར་བསྐྱོད་ནས་སློབ་ཡོན་དེ་མུ་མཐུད་ནས་རྒྱུན་གནས་གནང་རོགས་ཞུས་པར་ཁོང་གིས་དེ་ལྟར་བྱེད་རྒྱུའི་མོས་མཐུན་གནང་བ་རེད། འོན་ཀྱང་ཁོང་དགུང་ལོ་ཧ་ཅང་བགྲེས་པོ་ཞིག་རེད་འདུག་པས་མགྱོགས་པོ་བགྲེས་ཡོལ་ལ་ཕྱིན་སོང་། སློབ་སྤྱི་གསར་པ་ཞིག་སླེབས་སོང་བ་དེ་ལ་སློབ་ཡོན་དེ་རྒྱུན་སྤྲོད་གནང་རོགས་ཞུ་བར་སླར་ཡང་ང་ཚོ་རྣམས་ཐེངས་འགར་བསྐྱོད་ནས་སློབ་ཡོན་དེའི་ལོ་རྒྱུས་དང་སློབ་སྤྱི་སྔོན་མའི་ཁས་ལེན་སོགས་ཞུས་པར་ཁོང་གིས་སློབ་ཡོན་དེ་དུས་ངེས་མེད་ཐོག་མུ་མཐུད་སྤྲོད་རྒྱུའི་ཐག་གཅོད་བྱུང་བ་རེད།
དེ་དུས་ང་ཡང་ས་གནས་དེར་ཆུ་ཆུང་ཆུང་ནང་གི་ཉ་ལྟར་དོ་སྣང་ཡག་པོ་ཐོབ་ནས་ས་གནས་ཀྱི་གསར་འགྱུར་ཆེ་ཆུང་ཚང་མས་ངའི་ལོ་རྒྱུས་བྲིས་པ་རེད་ལ་རང་གིས་ཀྱང་མངའ་སྡེ་དེའི་ནང་གི་སློབ་གྲྭ་ཁག་ཆེ་ཆུང་འདྲ་མིན་དང་དེ་བཞིན་མངའ་སྡེ་གཞན་གྱི་གཙུག་ལག་སློབ་གྲྭ་ཁག་འགའི་ནང་བོད་ཀྱི་གནས་ཚུལ་ཤོད་པར་ཡང་ཡང་འགྲོ་གི་ཡོད་པས་སློབ་སྤྱི་གསར་སྙིང་གཉིས་ཀས་དགའ་པོ་བྱེད་ཀྱི་ཡོད། དེ་བཞིན་ས་གནས་ཀྱི་མི་དྲག་ཚོས་ཀྱང་དོ་སྣང་བྱས་ཏེ་ཐེངས་གཅིག་ཁོང་ཚོ་མཉམ་དུ་འཛོམས་ནས་ང་གཏམ་བཤད་གཅིག་བྱེད་པར་སྐད་བཏང་བྱུང་། དེ་ནི་ཁོང་ཚོས་བོད་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་ཞོར་ལ་ཕལ་ཆེར་ང་ལ་ཉམས་ཚོད་ལེན་པའི་ཆེད་དུ་ཡང་མིན་ནམ་འདྲ་བསམ་སོང་། ས་གནས་དེའི་མི་གྲགས་ཀྱི་གྲས་སུ་དེང་སང་སྲིད་འཛིན་ཊྲུམྤ་གྱིས་བསྐོ་བཞག་བྱས་པའི་ཨ་རི་མངའ་སྡེ་གཅིག་སྒྲིལ་རྒྱལ་ཁབ་ཀྱི་སློབ་གསོ་ལྷན་ཁང་གི་དྲུང་ཆེ་འདི་དང་མོའི་ཁྱོ་ག་སོགས་ཡོད་རེད། རྗེས་སུ་དེའི་གྲས་ནས་འབྱོར་ལྡན་སེམས་བཟང་ཅན་གཅིག་གིས་ང་ལོ་གཅིག་དབྱིན་ཡུལ་དུ་སློབ་སྦྱོང་བྱེད་པར་སོང་བར་འགྲོ་སོང་གཏོང་རོགས་བྱས་སོང་། གལ་ཏེ་ཨ་མ་ཨ་བདེ་ས་ཆ་དེར་ཕྱིན་མེད་ན་ང་ཡང་ས་གནས་དེར་འགྲོ་རྒྱུའི་རྒྱུ་མཚན་མེད། སློབ་ཡོན་དེའི་ཆེད་དུ་ས་གནས་དེར་ཕྱིན་པ་ལས་དེའི་སྔོན་སློབ་གྲྭ་དེར་འགྲོ་རྒྱུའི་འཆར་གཞི་མེད་ལ་མིང་ཡང་གོ་མ་མྱོང་། དེར་རྟེན་ལས་ལ་རྟེན་ནས་ས་ཆ་དེ་དང་ཨ་མ་ཨ་བདེ་གཉིས་ངའི་མི་ཚེའི་ཤེས་ཡོན་གྱི་འབད་པའི་ནང་དྲིན་ཆེན་པོ་ཆགས་པ་རེད།
གལ་ཏེ་ཨ་མ་ཨ་བདེ་ལགས་ཀྱིས་ཤེས་ཡོད་ན་སེམས་ཅུང་དགའ་རྒྱུ་ཡིན་པའི་གནས་ཚུལ་ཞིག་ལ། ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་བས་བརྗོད་པ་ལྟར་ན། ང་སློབ་གྲྭ་དེའི་ནང་མ་སླེབས་པའི་གོང་དུ་ས་ཁུལ་དེའི་གསར་ལམ་ཁག་གིས་བོད་ཀྱི་གནས་ཚུལ་ཐོན་དུས་རྟག་པར་རྒྱ་མི་གཙུག་ལག་སློབ་དཔོན་ཞིག་ལ་སྐད་ཆ་དྲིས་ནས་གནས་ཚུལ་བཀོད་ཀྱི་ཡོད་རེད་ཟེར། འོན་ཀྱང་བོད་མི་ཞིག་དངོས་སུ་ས་གནས་དེར་འབྱོར་རྗེས་རྒྱ་མི་དེ་ལ་སྐད་ཆ་འདྲི་མཁན་མེད་པ་ཆགས་སོང་བ་རེད་ཟེར་གྱི་འདུག་ལ། དེ་རྗེས་རྒྱ་མི་དེ་མངའ་སྡེ་གཞན་ཞིག་ལ་སྤོས་འདུག རྒྱུ་མཚན་ཅིའི་ཕྱིར་སྤོས་པ་མ་ཤེས། ངའི་གཙུག་ལག་སློབ་གྲྭའི་ནང་རྒྱ་མི་འབུམ་རམ་གཅིག་སླེབས་སོང་བ་དེས་མགོ་བདེ་པོ་འདྲ་བྱེད་ནས་ཁ་ནས་ང་ལ་ཐད་ཀར་རྩོད་པ་རྒྱག་གི་མི་འདུག་ནའང་། ཁོ་རང་གི་སློབ་མ་ཚོ་ལ་བོད་སྐོར་གྱི་ལྟ་སྟངས་ལ་ལྷད་ཅུང་བསྲེས་མེད་དམ་བསམ་པ་ཞིག་བྱུང་། འོན་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་ང་ཚོའི་སློབ་གྲྭའི་ནང་ཁོ་རང་བོད་ཀྱི་གནད་དོན་ཐད་ལ་མགོ་འབུར་ས་ཞིག་མེད། རང་གི་མྱོང་བ་ཡི་ཐོག་ནས་བཤད་ན་རྒྱ་མི་ཚོས་བོད་ནས་ཡོང་མཁན་མི་དང་ཐུག་དུས་རྒྱུན་ཅན་གྱི་རྫུན་དེ་ཚོ་ཤོད་རྒྱུ་ལ་འཛེམ་ཟོན་ཅུང་བྱེད་ཀྱི་འདུག དཔེར་ན་༡༩༩༦་ལོར་ང་རྒྱལ་སྤྱིའི་བོད་དོན་ཁྲིམས་རྩོད་པའི་ཚོགས་པའི་མཐུས་མིའི་ཁུངས་སུ་ཁེ་ན་ཌར་ཚོགས་པའི་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་སར་སྐྱོད་ནས་ང་ཚོས་ཡར་འབྲོག་གཡུ་མཚོའི་ཆུ་རགས་ཀྱི་གནད་དོན་ཐད་གྲོས་ཆོད་འཇོག་རྒྱུའི་བྱ་བ་་བྱས་སྐབས། རྒྱ་ནག་གཞུང་གི་མཐུས་མིས་ང་བཙན་བྱོལ་ནང་སྐྱེས་པ་ཞིག་ཡིན་ཤག་བྱས་ནས་ཁྱེད་རང་ཚོས་བོད་ནང་གི་གནས་ཚུལ་ཅི་ཡང་ཤེས་ཀྱི་མ་རེད་ཟེར་བྱུང་བས་ང་བོད་ནས་ཡོང་བའི་མི་ཞིག་ཡིན་སྐོར་དང་ཞིབ་ཕྲའི་དངོས་ཡོད་གནས་ཚུལ་འགྲེལ་བརྗོད་བྱས་རྗེས་ཁོང་ཚོ་ཅང་མི་སྨྲ་བར་སྡོད་ཀྱི་འདུག་(མཐར་ང་ཚོས་གྲོས་ཆོད་དེ་འཇོག་ཐུབ་པ་བྱུང་བ་རེད།)
ང་ཚོའི་སློབ་གྲྭའི་ནང་ནུས་པ་ཆེ་ཤོས་ཀྱི་སློབ་མའི་ཚོགས་པ་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ཚོགས་པ་རེད། སློབ་གྲྭའི་ནང་གི་འགྲོ་ལམ་དང་འཁོར་ཡུག་གང་སར་ས་མྱུག་གིས་བོད་ཀྱི་འབོད་ཚིག་འདྲ་མིན་བྲིས་ནས་མི་ཚོས་རྒྱུན་དུ་བོད་སྐོར་དྲན་དགོས་པ་བཟོ་འཇོག་གི་རེད་ལ་དགོང་ཚོགས་འཚོགས་ནས་སློབ་མ་རྣམས་འགུག་ཡོང་གི་རེད། དེ་བཞིན་བོད་ཀྱི་དགེ་འདུན་པ་གདན་འདྲེན་ཞུས་ཏེ་སློབ་གྲྭའི་ནང་དཀྱིལ་འཁོར་བཞེངས་པ་སོགས་བོད་སྐོར་གང་འཚམ་ཡག་པོ་མཐོང་རྒྱུ་ཡོད་པ་ཞིག་ཆགས་སྡད་ཡོད། འདི་ཡང་ཐུག་ས་ཨ་མ་ཨ་བདེ་ལགས་ཀྱི་མཛད་རྗེས་དང་འབྲེལ་བསྡད་ཡོད།
སློབ་ཕྲུག་ཚོགས་པ་དེ་ང་མ་སླེབས་གོང་ནས་བཙུགས་ཚར་འདུག ང་སླེབས་རྗེས་མཉམ་ཞུགས་དང་སློབ་སྟོན་གང་ཐུབ་བྱེད་ཀྱི་ཡོད་ཀྱང་ལས་འགན་གཙོ་བོ་ཁོང་ཚོ་རང་ལ་མུ་མཐུད་ནས་ཁུར་བཅུག་གི་ཡོད་པ་དེ་ནི། གཅིག་ནས་ང་ལས་ཨ་རིའི་མི་རྣམས་ལས་དོན་བྱེད་རྒྱུར་མཁས་པ་མ་ཚད། ང་ཚོ་བོད་པ་ལ་ཕྱི་རྒྱལ་མིའི་རྒྱབ་སྐྱོར་ཡོད་དགོས་པ་གལ་ཆེ་བ་ལས་ཁོང་ཚོའི་ལས་ཀ་ང་ཚོས་འཕྲོགས་ན་ཕྱིའི་རྒྱབ་སྐྱོར་གྱི་ལམ་བུ་བཀག་པ་ལྟ་བུ་ཞིག་རེད་བསམ་གྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་རྗེས་སུ་ང་དབྱིན་ཡུལ་དུ་ལོ་གཅིག་སློབ་སྦྱོང་བྱེད་སྐབས་སློབ་གྲྭའི་ནང་གཞུང་འབྲེལ་གྱིས་དེབ་སྐྱེལ་བྱས་པའི་ཡོ་རོབ་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་པོ་དེ་བཙུགས་པ་ཡིན་དེ་འགན་ཁུར་མཁན་ཡོ་རོབ་ཀྱི་སློབ་མ་བྱེད་བཅུག་གི་ཡོད། ཨ་མ་ཨ་བདེ་སོགས་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་དཀའ་བ་སྤྱད་ནས་སྐོར་སྐྱོད་བྱེད་པ་དེ་ཡང་ང་ཚོ་ལ་རྒྱབ་སྐྱོར་བ་འཚོལ་བའི་ཆེད་དུ་ཡིན་པ་ལས་ང་ཚོས་རང་དོན་སྒྲུབ་པར་གཞན་གྱིས་མིང་ཨེ་སྤྲོད་བསམ་ནས་བྱེད་དགོས་དོན་ཡོད་མ་རེད། དེ་ལྟར་བྱས་ན་ཧ་ཅང་ཇབ་ཆུང་ཞིག་ཡིན་པ་མ་ཐོང་གི་ཡོད། གང་ལྟར་ང་སློབ་ཕྲུག་བྱས་པའི་བརྒྱུད་རིམ་ནང་ཙག་ཙིག་གི་བོད་དོན་ལས་ཀ་ཅི་བྱས་པ་དེ་རྣམས་ཨ་མ་ཨ་བདེ་ལགས་དང་འབྲེལ་བསྡད་ཡོད་ལ། མ་འོངས་པ་ཡང་རང་གི་ཤེས་ཡོན་དང་འབྲེལ་བའི་བྱ་བ་ཅི་ཞིག་འགྲུབ་པ་ཡིན་ནའང་ཁོང་དང་འབྲེལ་བ་ཆགས་བསྡད་ཡོད།
ཨ་མ་ཨ་བདེའི་བཀའ་དྲིན་གྱིས་འགོ་བཙུགས་པའི་སློབ་ཡོན་དེ་མུ་མཐུད་ཡོད་སྟབས། ཕྱིས་སུ་རྒྱ་གར་ནས་རིམ་བཞིན་སློབ་མ་གཉིས་སླེབས་ཡོད། གཅིག་ང་འབྱོར་ནས་ལོ་གཉིས་གསུམ་ཙམ་གྱི་་རྗེས་སུ་སླེབས་པ་དང་ཁོང་གིས་ང་ཚོའི་སློབ་ཕྲུག་ཚོགས་པ་དེའི་ནང་མཉམ་ཞུགས་དང་མཉམ་ལས་ཧུར་ཐག་བྱས་འདུག གཞན་དེ་ང་ཐོན་ཁ་ཙམ་ལ་སླེབས་འདུག འོན་ཀྱང་དེའི་རྗེས་སུ་དཔལ་འབྱོར་གྱི་དཀའ་ངལ་འདུག་ཅེས་བརྗོད་ནས་སློབ་ཡོན་དེ་རྒྱུན་མཐུད་མི་འདུག གོང་ཞུས་བོད་དོན་རྒྱབ་སྐྱོར་བ་རྣམས་དང་ངའི་རྗེས་སུ་ཡོང་བའི་སློབ་མ་དེ་བཅས་ཀྱིས་བསྐྱར་ཞུ་བྱས་འདུག་ལ་ངས་ཀྱང་སློབ་སྤྱི་ལ་འདི་ནས་ཕར་ཡི་གེ་བཏང་བ་ཡིན་མོད། ང་ཡོད་དུས་ཀྱི་སློབ་སྤྱི་དེ་ཚོང་ལས་ཁང་ཆེན་པོ་ཞིག་གི་འགན་འཛིན་བྱེད་པར་བསྐྱོད་ཚར་འདུག
རྟ་དཔོན་ཚང་ཨ་མ་ཨ་བདེ་ལགས་དང་ཨ་ནེ་དཔལ་ཆེན་ལགས་འདས་མ་དེ་གཉིས་དང་། སྐུ་ཞོགས་དཔལ་ལྡན་རྒྱ་མཚོ་ཞིང་གཤེགས་དེ་བཅས་ཀྱིས་ཨ་རིའི་མངའ་སྡེ་མང་པོའི་ནང་སྐོར་སྐྱོད་གནང་སྐབས་མི་ཧ་ཅང་མང་པོ་ཐུག་ཡོད་པ་དེའི་གྲས་སུ་ཨ་རིའི་ཝ་ཤིང་ཊོན་གྱི་སྲིད་དོན་མི་སྣ་ནས་མངའ་སྡེ་དང་གྲོང་ཁྱེར་ཁག་གི་འགན་ཁུར་མི་སྣ་བར་དང་། སློབ་གྲྭ་ཆེ་ཆུང་མང་པོའི་མི་སྣ་སོགས་མང་པོར་ཐུག་འཕྲད་བྱས་ཡོད་པ་ལྟར། ཁོང་རྣམས་ཀྱིས་བོད་ལ་རྒྱབ་སྐྱོར་དགོས་པའི་རེ་འདུན་ཞུས་པ་གྲངས་ལས་འདས་ཡོད་ཀྱི་རེད་ལ། དེ་རྣམས་མང་པོ་གཅིག་གིས་ཁྱབ་ཁོངས་འདྲ་མིན་ནང་བོད་དང་བོད་མི་ལ་ཕན་པ་འདྲ་མིན་བྱས་ཡོད་པ་བརྗོད་མི་དགོས་པ་དེ་ནི་སློབ་ཡོན་འདི་ཡིས་ར་སྤྲོད་གཏོང་ཐུབ་ཀྱི་རེད་དྲན། ཁོང་རྣམས་ཀྱིས་སྐད་ཆ་ཤོད་དུས་མིའི་སེམས་ནང་གཡོ་འགུལ་མི་འདྲ་བ་ཞིག་ཡོང་གི་ཡོད་པ་དེ་ནི། གཅིག་ནས་ཁོང་རྣམས་རྒྱ་མིའི་བཙན་གནོན་དངོས་སུ་མྱོང་བའི་དཔང་པོ་གསོན་པོ་ཡིན་པ་་དང་། གཉིས་ནས་ཁོང་རྣམས་ལ་བོད་མཐོ་སྒང་གི་མི་རབས་གོང་མའི་བཅོས་མིན་གྱི་རང་གཤིས་ཁྱད་པར་ཅན་ཞིག་ཀྱང་ཡོད་པ་དེ་ཡིས་ཀྱང་ཁོང་རྣམས་དང་ནུབ་ཕྱོགས་ཀྱི་མིའི་བར་ལ་སྙིང་ཐག་ཉེ་པོ་བཟོ་བའི་ནུས་པ་ཁྱད་མཚར་ཞིག་ཡོད་རེད།
ང་ལ་ཐད་ཀར་རྒྱུས་ཡོད་པ་ཞིག་ནི། ཁོང་རྣམས་ཐུག་པའི་རྐྱེན་གྱིས་བོད་དོན་རྒྱབ་སྐྱོར་བ་རྙིང་པ་ཚོ་སེམས་ཤུགས་ཆེ་རུ་སོང་ཡོད་ལ་བོད་དོན་རྒྱབ་སྐྱོར་བ་གསར་པ་དང་ལྷག་པར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ཇེ་མང་དུ་་འགྲོ་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད་རེད།
དུས་ཚོད་དེ་ནི་ཨ་རིའི་རྒྱལ་ཡོངས་སུ་བོད་དོན་རྒྱབ་སྐྱོར་བ་དབྱར་གྱི་མཚོ་མོ་ལྟར་རྒྱས་བཞིན་པའི་སྐབས་ཤིག་ཡིན། དེ་ནི་ཕྱོགས་གཅིག་ནས་བོད་ནང་ཞི་རྒོལ་ལངས་པའི་བཀའ་དྲིན་དང་། ཕྱོགས་གཞན་ཞིག་ནས་༧གོང་ས་མཆོག་གི་མཛད་འཕྲིན་ཕྱོགས་ཀུན་ཏུ་ཁྱབ་ཤུགས་ཆེ་རུ་སོང་བའི་ནུས་མཐུ་ཡིན་པ་བརྗོད་མི་དགོས་པ་རེད་ལ། དེ་བཞིན་མི་སྒེར་གྱི་ཞབས་ཞུའི་ཐད་ནས་བཤད་ན་ཡང་དཔའ་མོ་དེ་གཉིས་དང་སྐུ་ཞོགས་དཔལ་ལྡན་རྒྱ་མཚོ་ཞིང་གཤེགས་དམ་པ་དེ་ལྟ་བུའི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་སྐོར་སྐྱོད་ཀྱི་བརྒྱུད་ནས་ཀྱང་མི་རྣམས་ལ་སེམས་འགུལ་ཆེན་པོ་སྤྲད་ཡོད་པ་དེ་ཡང་དོན་དངོས་ཏེ། ནམ་ཁའི་ཉིན་ཟླ་སྐར་གསུམ་དང་ས་ཐོག་གི་རི་ཀླུང་གྲོང་གསུམ་གྱིས་མཐོང་ཚར་བའི་ལོ་རྒྱུས་ཤིག་རེད།
ཁོང་གསུམ་ལ་མཚོན་ན་ཨ་རི་དང་ནུབ་ཕྱོགས་ལ་སྐོར་སྐྱོད་བྱེད་རྒྱུ་དེ་ལས་སླ་མོ་ཞིག་མ་རེད། དགུང་ལོ་མཐོ་ཞིང་སྐད་མི་ཤེས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་དུས་ཚོད་དམ་འཛིན་འོག་སྐད་ཆ་ཤོད་པར་ཕར་ཁྲིད་ཚུར་ཁྲིད་བྱེད་པ་སོགས་ནི་ལུས་ཀྱི་འཕྲོད་བསྟེན་ལ་ཧང་ཅང་གཟན་པོ་རེད། དེ་ལས་ཀྱང་དཀའ་ལས་ཁག་པ་ནི་ཨ་མ་ཨ་བདེ་ལ་མཚོན་ན་ཕྱི་རྒྱལ་གྱི་ཟ་མ་མི་ཟས་ལ་མི་མཐོང་མཁན་དང་མིད་པའི་ནང་མི་འགྲོ་མཁན་ཞིག་རེད་འདུག་པས་ངས་གོ་ཐོས་ལ་ས་ཆ་ཁ་ཤས་ལ་ལྟོགས་སྒོམ་རྒྱག་བཞིན་སྐད་ཆ་ཤོད་པར་སྐྱོད་ཡོད་འདུག དེ་བཞིན་ངས་དྲན་པ་ལ་ཨ་ནེ་དཔལ་ཆེན་འདས་མ་དེ་རྒྱ་གར་ནས་ཚུར་ཡོང་དུས་དང་ཕར་འགྲོ་དུས་ཁེ་རུ་མ་གནམ་གྲུའི་ནང་བསྐྱོད་ནས་རང་གི་སྐེ་ལ་ཤོག་བྱང་ཆུང་ཆུང་འགའ་བཏགས་ནས་དེ་རྣམས་གནམ་ཐང་ནས་མི་ལ་སྐད་ཆ་འདྲི་དུས་སྟོན་རྒྱུ་བྲིས་ནས་སོང་ཡོད་རེད། ཕལ་ཆེར་ཨ་མ་ཨ་བདེ་ཡང་དེ་ལྟར་བྱས་ནས་སྐྱོད་ཡོད་ཀྱི་རེད་དྲན།
སྐབས་དེའི་སྐོར་སྐྱོད་སྐབས་དཀའ་ལས་རྒྱག་སྟངས་ཀྱི་ཐད་ལ་ང་སློབ་གྲྭ་འགྲོ་སའི་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་བ་གྷི་ལེན་ཧྥི་རེས་མཱན་གྱིས་ཕྲན་ལ་འདི་ལྟར་བརྗོད་བྱུང་། “ངས་དྲན་པ་ནི། ང་རང་ཤིས་ཁ་གྷོ་རུ་ཨ་མ་ཨ་བདེ་བསུ་བར་ཕྱིན་ཏེ། ཕལ་ཆེར་ཨིན་ཌིས་ཡ་ན་ལ་ལེ་རེས་གྷར་སི་ཊེན་གྱིས་གོ་སྒྲིག་ཞུས་པའི་མཛད་སྒོ་ཞིག་ཡིན་ས་ཡོད། དེར་ངེད་གཉིས་རླངས་འཁོར་ནང་སོང་བ་ཡིན། དེ་དུས་ཏཱ་ལའི་བླ་མའི་སྐུའི་གཅེན་པོ་(སྟག་འཚེར་རིན་པོ་ཆེ)་ཡང་དེར་ཡོད་དྲན། དེ་རྗེས་ང་ཚོ་ཀ་ལ་མ་ཛོས་ལ་མཛད་སྒོ་ཞིག་ཡོད་པ་དེར་བསྐྱོད་རྗེས་གྷི་རནྜི་ར་པེ་ཌི་ལ་ཕྱིན་པ་ཡིན། ཧ་ལམ་གཉིད་ཀྱང་ཁུག་ལོངས་མེད་པར་བསྐྱོད་ཡོད་སྟབས། གཞུང་ལམ་ཐོག་གངས་འདྲེད་འཆོར་སླ་བས་ང་ཞེད་སྣང་ཆེན་པོ་བྱུང་། ཡར་འབྱོར་རྗེས་མཛད་འཆར་ཁག་ཧ་ཅང་བྲེལ་བ་ཆེན་པོ་རེད། དེའི་རྗེས་ནས་ང་ཚོ་ཨཱན་ཨ་བྷོར་ལ་བསྐྱོད་པ་ཡིན། ང་ཚོ་ཡང་བསྐྱར་གཉིད་ཉལ་བའི་དུས་ཚོད་དེ་ཙམ་རག་མ་བྱུང་། ཁོང་གིས་དགེ་ལེགས་རིན་པོ་ཆེའི་ཆོས་ཚོགས་ནང་སྐད་ཆ་བཤད་རྗེས་ས་གནས་ཀྱི་བོད་པའི་སྨན་པ་ཞིག་གི་ནང་ལ་བསྡད་པ་ཡིན།”
ཁོང་སྨན་པ་དེའི་ནང་དུ་སྡོད་དགོས་པའི་རྒྱུ་མཚན་གཅིག་ནི། ཨ་མ་ཨ་བདེ་ལུས་མི་བདེ་བ་ཆགས་ནས་སྨན་བཅོས་བྱེད་དགོས་ཁེལ་བས་རེད། ས་གནས་དེར་བོད་མི་ཁ་ཤས་ཤིག་ཡོད་ལ་སྨན་པ་ཁོང་ཡང་བོད་མི་ཞིག་ཡིན་པས་ཕལ་ཆེར་ས་ཆ་དེར་ཨ་མ་ལ་བོད་ཟས་ཟ་རྒྱུ་ཞིག་གཞི་ནས་རག་ཡོད་ཀྱི་རེད་དྲན།
སྐབས་དེར་ས་གནས་ཁག་ཏུ་མི་དམངས་ལ་གཏམ་བཤད་དང་དེ་བཞིན་གནད་ཡོད་མི་སྣ་གང་མང་མང་ཐུག་ཐབས་བྱེད་ཀྱི་ཡོད་པར་བརྟེན་ནས་ངལ་གསོ་རྒྱག་རྒྱུའི་དུས་ཚོད་རྩ་བ་ནས་མེད་པ་རེད། དཔེར་ན་གྷི་རེནྜི་ར་པེ་ཌིར་ཡོད་པའི་ཨ་རིའི་གྲོས་ཚོགས་མཐུས་མི་ཝརྣ་ཨེ་ལར་སི་དང་ཐུག་འཕྲད་བཟོ་སྐབས། སྐུ་ཞབས་ཨེ་ལར་སི་ཝ་ཤིང་ཊོན་དུ་འགྲོ་དགོས་པ་དང་ཐུག་ནས་བོད་དོན་རྒྱབ་སྐྱོར་བ་ཁརྶི་ཊེས་ན་ཧྥུང་(གྷེ་ལཱན་གྱི་སྐབས་དེའི་བཟའ་ཟླ)་གིས་སྐུ་ཞབས་ཨེ་ལར་སི་གནམ་ཐང་ལ་བསྐྱལ་རྒྱུ་བྱས་ནས་ཨ་མ་ཨ་བདེ་དང་ཨེར་ལར་སི་གཉིས་གྲོང་ཁྱེར་ནས་གནམ་ཐང་བར་རླངས་འཁོར་ནང་མཉམ་དུ་བསྐྱོད་ནས་བོད་ཀྱི་དཀའ་སྡུག་སྐོར་གླེང་མོལ་བྱས་འདུག
འདི་ནི་ཨ་མ་ཨ་བདེ་དང་ཨ་ནེ་དཔལ་ཆེན། སྐུ་ཞོགས་དཔལ་ལྡན་རྒྱ་མཚོ་བཅས་ཀྱིས་བོད་དོན་དྲིལ་བསྒྲགས་ཆེད་དུ་དཀའ་སྤྱད་ཅི་ཙམ་བྱེད་ཀྱི་ཡོད་པའི་དཔེ་མཚོན་ཞིག་རེད། ཁོང་རྣམས་ཀྱིས་ཨ་རི་ཙམ་མ་ཟད་ནུབ་ཕྱོགས་ཡུལ་གྲུ་གང་སར་འདི་ལྟར་བྱས་ནས་སྐོར་སྐྱོད་གནང་བ་རེད།
ཡང་བརྗོད་འདོད་པ་གཞན་ཞིག་ནི། ཨ་མ་ཨ་བདེ་མཐོང་དུས་ང་ལ་རང་བཞིན་ནས་སེམས་ཐག་ཉེ་བའི་ཚོར་བ་ཞིག་ཡོང་གི་ཡོད་པ་དེ་ནི། ཁོང་གི་སྐྲ་ཡི་ལན་བུ་དང་ངོ་ཡི་གྲུབ་སྟངས། ལུས་ཀྱི་ཚུགས་གང་ཐད་ནས་རང་གི་མ་རྒན་དྲན་གསོ་མཁན་འདྲ་པོ་ཞིག་མཐོང་གི་ཡོད། ཁོང་རྣམ་པའི་མི་རབས་ཀྱི་གདོང་གི་གཉེར་མ་རེ་རེ་ཡང་དཀའ་སྡུག་གིས་སེམས་མནར་ནས་ལུས་ཐོག་ལ་སྐྱེས་པའི་རི་མོ་རེ་ཡིན་དུས་ངས་ངོ་ལོས་ཤེས། ཁོང་རྣམས་ཀྱི་ལུས་ལ་ངའི་རྣམ་ཤེས་དང་ཤིན་ཏུ་འདྲིས་ཆེ་བའི་དགའ་སྡུག་གི་ལྷན་པ་མང་པོས་གཡོག་སྡད་ཡོད།
ཉིན་ཤས་གོང་བོད་ཀྱི་དཔའ་མོ་དེ་སྐུ་གྲོངས་པའི་གནས་ཚུལ་གོ་རྗེས་སྤྱིར་ང་ལ་མི་གཞན་གིས་མི་ཤེས་པའི་ཁོང་གི་སྐོར་ལ་འབྲི་རྒྱུ་གཞན་མེད་ལ། དེང་སང་འགྲོ་སྟངས་ལྟར་མི་ཚང་མས་གཅིག་བྱེད་དུས་ཚང་ཁ་རྒྱག་ནས་མཉམ་རྒྱུག་བྱེད་པའི་རང་གཤིས་དེ་ཡང་མེད།་་་འོན་ཀྱང་།མི་མང་ཆེ་བས་ཤེས་མེད་ཐག་ཆོད་པའི་སློབ་ཡོན་དེ་དང་འབྲེལ་ནས་ཁོང་ལ་རྗེས་དྲན་ཞུ་བའི་རྩོམ་ཐུང་ཞིག་འབྲི་འདོད་བྱུང། ཁོང་འདས་གྲོང་སོང་བ་དེས་ངའི་སེམས་ནང་འདི་ལྟར་ཚོར་ཏེ། མི་རབས་གོང་མ་རྣམས་ཀྱི་འགྱུར་བ་མེད་པའི་ལང་ཕྱོགས་དང་དཔལ་ངར་དེ་དུས་ཚོད་ཀྱག་ཀྱོག་དང་འཕྲང་ལམ་གསལ་ལ་མི་གསལ་བར་བརྒྱུད་དགོས་མཁན་ང་ཚོའི་མི་རབས་འདི་ཡིས་ཕྱོགས་སྟོན་འཁོར་ལོ་ཞིག་ལ་བརྩིས་ནས་གཅེས་འཛིན་བྱེད་དགོས་པ་དང་། ཁོང་དང་ཁོང་འདྲ་བའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་ཚེ་མཐའ་བར་བཟུང་བའི་བོད་ཀྱི་འཐབ་རྩོད་ཀྱི་དར་ཆ་དེ་ད་ལྟ་ང་ཚོའི་ལག་ཏུ་བཞག་པ་དེ་དྲན་དགོས་པ་ཞིག་རེད་དྲན།
ངས་འདིར་གུང་ཁྲན་གྱི་ཚིག་གཅིག་གཡར་ནས་བཤད་རྒྱུར། འཐབ་རྩོད་ཀྱི་འཇིག་རྟེན་ནང་མི་དམངས་ནང་ཁུལ་གྱི་འགལ་བ་དང་དགྲ་དང་རང་ཕྱོགས་བར་གྱི་འགལ་བ་ཟེར་བ་གཉིས་ཡོད་པ་ལས། ངས་ཁོང་རྣམས་ཀྱི་མཛད་རྗེས་རྗེས་དྲན་འདི་ཁོང་རྣམས་ཀྱི་དགྲ་དང་རང་ཕྱོགས་བར་གྱི་འགལ་བའི་ནང་རང་གི་རུས་པ་ལྕགས་ལ་བསྒྱུར་ནས་སྲ་ཞིང་བརྟན་པའི་ལངས་ཕྱོགས་བཟུང་བ་ལ་བསྔགས་པ་ཞིག་ཡིན་གྱི། མི་དམངས་ནང་ཁུལ་གྱི་འགལ་བའི་ནང་ཁོང་རྣམས་ཀྱིས་ཐེ་བྱུས་ཡོད་ཀྱི་ཡང་མ་རེད་ལ། དེ་འདྲ་ལ་ངས་དོ་སྣང་ཡང་བྱེད་མ་མྱོང་།
ཨོཾམཎིཔདྨེཧཱུྃ
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། ། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་རབ་བཟུང་ནས། སླར་ཡང་གང་ལྗོངས་རང་དབང་གཙང་མའི་ཆེད། རླབས་ཆེན་སྤྱི་དོན་སྒྲུབ་པར་མྱུར་སྐྱེས་ཤོག།
༢༠༢༠་ཟླ་༠༨་ཚེས་༠༨་ཉིན། ཝ་ཤིང་ཊོན་ཌེས་སེས་སུ་བྲིས།