བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་མི་ལོ་༥༠ འཁོར་བ།

ཟླ་༦ པའི་ཚེས་༡༡ ཉིན་བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་མི་ལོ་༥༠ འཁོར་ཡོད་པ་དང་། སྤྱིར་བཏང་བྱས་ནས་ཉིན་ཤས་རིང་སྲུང་བརྩི་བྱེད་འཆར་ཡོད་འདུག་ཀྱང་། ཏོག་དབྱིབས་ནད་དུག་ལ་བརྟེན་ནས་ལས་རིམ་དེ་དག་འཕྱིར་འཐེན་བྱས་ཏེ། ཉིན་དེར་དེབ་ལྔ་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་འཚོགས་འདུག

དེ་ཡང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་༸སྐུའི་གསུང་སྒྱུར་ཟུར་པ་དགེ་བཤེས་ལྷག་རྡོར་མཆོག་གིས་དབུས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚན་པ་འདྲ་མིན་གྱི་འགན་འཛིན་དང་ཆོས་དགེ།  ལོ་ཙཱ་བ། ཉམས་ཞིབ་པ། གསུང་སྒྱུར་བ་དང་དགེ་རྒན་བཅས་ལྷན་འཛོམས་ཐོག བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས་པའི་དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར།   གཙང་ཕྲུག་སྟོབས་ལགས་ཀྱིས་བརྩམས་པའི་པཎ་ཆེན་སྐུ་ཕྲེང་དགུ་པ་དང་གཞུང་བླའི་དོན་རྐྱེན་སོགས་ལ་དཔྱད་པ།   ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་ཞུ་སྒྲིག་གནང་བའི་ལྕགས་ཐག་གིས་བཅིངས་པའི་བོད་ཀྱི་ཟུར་གཅིག དཔྱིད་ས་དྲུང་ཆེན་སྤྲུལ་སྐུས་བརྩམས་པའི་ཆོས་དབྱིངས་བསྟོད་པའི་འགྲེལ་བ་དགོངས་ཟབ་སྣང་བ།   དགེ་བཤེས་འཇིགས་མེད་བློ་གྲོས་ཀྱིས་བརྩམས་པའི་གཙུག་ལག་གཞུང་ཆེན་མཇལ་བའི་ཟིན་ཐོ་བཅས་དེབ་གསར་པ་ལྔ་དབུ་འབྱེད་གནང་འདུག

བོད་ཀྱི་དཔེ་མཛོད་ཁང་ཐོག་མར་ཕྱི་ལོ་ ༡༩༧༠ ཟླ་ ༦ ཚེས་ ༡༡ ཉིན་༸གོང་ས་མཆོག་གིས་དབུ་འབྱེད་རབ་གནས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༡ ལོར་ཧི་མཱ་ཅལ་མངའ་སྡེ་གཞུང་གི་གཙུག་ལག་སློབ་གཉེར་ཁང་ནས་བོད་ཀྱི་དཔེ་མཛོད་ཁང་འདི་བཞིན་བོད་རིག་པའི་ཤེས་ཡོན་བསྟི་གནས་སུ་ངོས་འཛིན་གནང༌། ལོ་ལྔའི་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དཔེ་མཛོད་ཁང་འདི་བོད་ཀྱི་དཔེ་མཛོད་དང༌། བོད་ཀྱི་འགྲེམས་སྟོན་ཁང༌། བོད་ཀྱི་ཡིག་མཛོད་བཅས་སུ་གཅིག་བསྡུས་ཀྱི་ངོ་བོར་ངོས་འཛིན་གནང༌། ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་གཞུང་གི་ལག་བྲིས་སྲུང་སྐྱོབ་ལས་ཁང་ནས་བོད་ཀྱི་དཔེ་མཛོད་ཁང་འདི་རྒྱལ་ཁབ་ཀྱི་ཕྱག་དཔེ་ཐོན་ཁུངས་བསྟི་གནས་ཤིག་ཏུ་ངོས་འཛིན་གནང༌ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།