བོད་ཀྱི་དཔེ་མཛོད་ཁང་ནས་འདི་གར་གནང་བའི་དེབ་གསར་ཁག་ཅིག་གི་ངོ་སྤྲོད་མདོར་བསྡུས།

༡)རྒྱུད་སྡེའི་བྱུང་རབས་ཞེས་པའི་དཔེ་དེབ་འདི་ནི་ལྷ་རམས་དགེ་བཤེས་དགེ་འདུན་ཐབས་མཁས་ཀྱིས་བརྩམས་ཤིང་། དེའི་བརྗོད་བྱ་ནི་བསྟན་པ་སྤྱི་དང་རྒྱུད་སྡེའི་བྱུང་རབས། དེ་བཞིན་གསང་སྡེ་འཇིགས་གསུམ་གྱི་བྱུང་རབས་བཅས་ས་བཅད་ཆེ་བཞིར་དབྱེས་ཏེ་ནང་གསེས་བཞི་བཅུ་ཞེ་བརྒྱད་དང་ལྷན་ཐབས་བཅས་འདུག བོད་ཀྱི་དཔེ་མཛོད་ཁང་གི་རྣམ་ཐར་དེབ་ཕྲེང་༤༠ པར་དཔར་དུ་བསྐྲུན་འདུག
༢)སྟོན་པའི་མཛད་རྣམ་དད་པའི་ཉིན་བྱེད་ཅེས་པའི་དཔེ་དེབ་འདི་ནི་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་ཅིང་། བརྗོད་བྱ་གཙོ་བོ་ནི་བདག་ཅག་གི་སྟོན་པ་སྔོན་དགའ་ལྡན་དུ་ལྷའི་བུ་དམ་པ་ཏོག་དཀར་པོར་གྱུར་ནས་ལྷ་ལ་སོགས་པའི་འགྲོ་བ་རྣམས་སྨིན་པར་མཛད་པ་ནས། སྐུ་མྱ་ངན་ལས་འདས་ཏེ་ལོ་བརྒྱ་དང་བཅུ་ལོན་སྐབས་དགྲ་བཅོམ་པ་བདུན་བརྒྱས་བཀའ་བསྡུ་གཉིས་པ་མཛད་ཚུལ་བཅས་ཀྱི་བར་འདུག བོད་ཀྱི་དཔེ་མཛོད་ཁང་གི་རྣམ་ཐར་དེབ་ཕྲེང་༤༡ པར་དཔར་དུ་བསྐྲུན་འདུག
༣) བོད་ཀྱི་སྐད་ཡིག་བགྲོ་གླེང་སྐབས་ཀྱི་དཔྱད་རྩོམ་ཕྱོགས་སྒྲིག་ཅེས་པའི་དཔེ་དེབ་འདི་ནི། ཕྱི་ལོ་༢༠༢༣ ལོའི་ཟླ་༥ པའི་ཚེས་༣་ནས་༥་བར་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་ཉིན་གསུམ་རིང་བོད་ཀྱི་སྐད་ཡིག་བགྲོ་གླེང་ཞིག་འཚོགས་ཡོད་འདུག་པ་དང་། སྐབས་དེར་ཚོགས་བཅར་བ་ཚོས་སྦྱངས་བཤད་གནང་བའི་དཔྱད་རྩོམ་ཁག་དེབ་གཟུགས་སུ་དཔར་དུ་བསྐྲུན་པ་ཞིག་རེད་འདུག
༤) བཙན་བྱོལ་ནང་གི་སྙན་ངག་ཅེས་པའི་དཔེ་དེབ་འདི་ནི། ལྕ་སྐྱ་ཚེ་རིང་དོན་གྲུབ་ཀྱིས་རང་ཉིད་བོད་དང་ཁ་བྲལ་ནས་བཙན་བྱོལ་ནང་གི་ཚོར་འགྱུ་དང་། སྐབས་དུས་ཀྱི་འཚོ་བའི་སེམས་ཚོར་རྣམས་རང་མོས་སྙན་ངག་གི་ངོ་བོའི་ཐོག་བརྩམས་པ་ཞིག་རེད་འདུག རྩོམ་པ་པོས་མཐུན་འགྱུར་གནང་བ་དང་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན་འདུག
༥) ལེགས་བཤད་འཕྲུལ་གྱི་དྲ་བ་དང་ཏུན་ཧོང་གི་ཡིག་ཆ་ལས་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་པའི་དེབ་ཆུང་འདི་ནི། ས་སྐྱ་པཎྜིཏས་བརྩམས་པའི་ལེགས་བཤད་ཅིག་དང་ཏུན་ཧོང་གི་ཡིག་ཆ་ཕུ་བོས་ནུ་བོར་བཏམས་པའི་མདོ་བརྡ་རྙིང་དུ་བཞུགས་པ་དེར་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་འགྲེལ་པ་མཛད་པ་ཞིག་རེད་འདུག བོད་ཀྱི་དཔེ་མཛོད་ཁང་གིས་བསྟན་བཅོས་འདི་གཉིས་རྒྱུན་འཁྱེར་དེབ་ཆུང་གི་ངོ་བོར་དཔར་དུ་བསྐྲུན་འདུག