བོད་ཀྱི་དཔྱིད་ཀའི་གནས་གཤིས་ཚ་ཚད་དེ་རྒྱ་ནག་དང་ཉི་ཧོང་གི་ཆུ་ལོག་ལ་འབྲེལ་བ་ཡོད་པར་བརྗོད།

ཉམས་ཞིབ་གསར་པས་རྒྱ་ནག་གི་དབྱར་དུས་ཆུ་ལོག་གི་གནོད་འཚེ་དེ་བོད་མཐོ་སྒང་གི་དཔྱིད་ཀའི་གནམ་གཤིས་ཀྱི་ཚ་དྲོད་འཕེལ་བ་དང་འབྲེལ་བ་ཡོད་པ་དང་། བོད་ཀྱི་དཔྱིད་ཀའི་གནམ་གཤིས་དང་ཉི་ཧོང་དུ་ཆར་ཞོད་ཆེ་རུ་འགྲོ་བ་དང་འབྲེལ་བ་ཡང་ཡོད་པར་བསྟན་འདུག

པར། YaleEnveronment360

ཟླ་འདིའི་ཚེས་༡༠ ཉིན་ཡེལ་གཙུག་ལག་སློབ་གཉེར་ཁང་གི་ཁོར་ཡུག་སློབ་གླིང་(Yale school of environment) ནས་པར་སྐྲུན་བྱས་པའི་ཉམས་ཞིབ་རྩོམ་ཡིག་གི་ནང་དུ། ཉམས་ཞིབ་གསར་པ་ཞིག་གིས་རྒྱ་ནག་ལྷོ་ཕྱོགས་སུ་བྱུང་བའི་དབྱར་དུས་ཀྱི་ཆུ་ལོག་གོད་ཆག་དེ་བོད་མཐོ་སྒང་གི་ཚ་དྲོད་ཆེ་བའི་དཔྱིད་ཀའི་གནམ་གཤིས་དང་འབྲེལ་བ་ཡོད་པར་བསྟན་ཡོད་འདུག

ལོ་རྒྱུས་ཐོག་བོད་ཀྱི་དཔྱིད་དུས་སུ་ཚ་དྲོད་ཆེ་བ་ཡིན་ན། རྒྱ་ནག་ལྷོ་ཕྱོགས་སུ་དབྱར་དུས་ཆར་ཞོད་ཆེ་བ་ཡོང་གི་ཡོད་པ་དང་། བོད་ཀྱི་དཔྱིད་དུས་གནམ་གཤིས་གྲང་མོ་བསྟན་པ་ཡིན་ན། རྒྱ་ནག་ལྷོ་ཕྱོགས་སུ་སྐམ་ཤས་ཆེ་བ་ཡོང་གི་ཡོད་འདུག ཉམས་ཞིབ་པ་ཚོས་ན་ནིང་བོད་ཀྱི་དཔྱིད་དུས་ནི་ཕྱི་ལོ་༡༩༨༠ ནས་བཟུང་། ཚ་དྲོད་ཆེ་ཤོས་ཀྱི་ལོ་ཞིག་ཆགས་ཡོད་པ་དང་། ལོ་དེའི་ཕྱི་ཟླ་༦ པའི་ནང་། རྒྱ་ནག་ལྷོ་ཕྱོགས་སུ་ཆར་ཞོད་ཆེན་པོ་བྱུང་བ་དང་འབྲེལ་བ་ཡོད་པ་རྙེད་ཡོད་ཅིང་། ཆར་ཞོད་དེའི་རྐྱེན་གྱིས་མི་བཅུ་ཕྲག་མང་པོ་འདས་གྲོངས་སུ་ཕྱིན་པ་དང་། ཁྲི་ཚོ་མང་པོ་གནས་སྤོ་དགོས་བྱུང་ཡོད་འདུག

ཚན་རིག་དུས་དེབ་(Science Bulletin) ནང་བཀོད་པའི་ཉམས་ཞིབ་གསར་པས་བོད་ནང་དཔྱིད་ཀའི་གནམ་གཤིས་ཚ་པོ་བསྟན་ན། ཉི་ཧོང་དུའང་ཆར་ཞོད་ཆེ་རུ་འགྲོ་བ་དང་འབྲེལ་བ་ཡོད་པར་བསྟན་ཡོད་འདུག གྲུབ་དོན་དེས་སྔོན་གྱི་ཉམས་ཞིབ་ཁག་གིས་བོད་མཐོ་སྒང་གི་དཔྱིད་དུས་སུ་གནམ་གཤིས་ཚ་པོ་བསྟན་ན། ཤར་ཨེ་ཤེ་ཡའི་དབྱར་དུས་རླུང་འཚུབ་ཤུགས་ཆེ་རུ་འགྲོ་བ་དང་ཆུ་ལོག་ཡོང་ཉེན་ཆེ་བ་ཡོད་པའི་ཞིབ་འཇུག་སྔོན་དཔག་དག་གི་གྲུབ་དོན་ལ་རྒྱབ་སྐྱོར་བྱས་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།