བོད་ཀྱི་ན་གཞོན་ལས་འགུལ་བ་ཞིག་གིས་མཉམ་འབྲེལ་རྒྱལ་ཁབ་ལ་དོན་ཚན་བརྒྱད་ཅན་གྱི་ཞུ་ཡིག་ཅིག་ཕུལ་བ།
བོད་ཀྱི་ལས་འགུལ་བ་ཞིག་གིིས་མཉམ་འབྲེལ་རྒྱལ་ཁབ་ལ་དོན་ཚན་བརྒྱད་ཅན་གྱི་ཞུ་ཡིག་ཅིག་ཕུལ་ཏེ། རྒྱ་ནག་གིས་བོད་དང་། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་སུ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་དེ་མཚམས་འཇོག་བྱེད་དུ་འཇུག་དགོས་པའི་རེ་འདུན་བཏོན་འདུག
དེ་ཡང་བོད་ཀྱི་ན་གཞོན་ལས་འགུལ་བ་ངག་དབང་ཚེ་འཕེལ་གྱིས་བོད་དོན་ཆེད་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ནས་རྐང་འཁོར་བཞོན་ཏེ་ཕྱིན་ནས་ཕྱི་ཟླ་༨ པའི་ཡུ་རོབ་ཀྱི་ཚེས་༡༩ ཉིན་སུད་སིའི་གྲོང་ཁྱེར་ཇེ་ནེ་ཝ་(Geneva) ལ་འབྱོར་རྗེས། མཉམ་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་མི་ཤེ་ལེ་བྷ་ཤེ་ལེ་ཊི་(Michelle Bachelet)ལ་དོན་ཚན་བརྒྱད་ཅན་གྱི་ཞུ་ཡིག་ཅིག་ཕུལ་འདུག
ལས་འགུལ་བ་ཁོང་སུད་སིའི་གྲོང་ཁྱེར་དེར་འབྱོར་དུས། སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་དང་། དེ་བཞིན་གྲོང་ཁྱེར་ཇེ་ནེ་ཝར་རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། ས་གནས་བོད་མི་སོགས་ནས་ཁོང་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་བྱས་པ་མ་ཟད། སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་གྱིས། བོད་མི་གཞོན་སྐྱེས་ངག་དབང་ཚེ་འཕེལ་ལགས་ཀྱིས་འགན་ཁུར་ནས་བོད་དོན་སླད་ལས་འགུལ་བརྩམས་པ་དེ་ནི་དངོས་གནས་སེམས་ཤུགས་སྐྱེ་དགོས་པ་ཞིག་ཡིན་པ་དང་། བོད་མི་ཚང་མར་བོད་དོན་འཐབ་རྩོད་བྱེད་རྒྱུའི་འགན་འཁྲི་གཅིག་མཚུངས་ཡོད་པ། བོད་མི་ཚོས་མཉམ་རུབ་ཐོག་འཛམ་གླིང་མི་མང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་དུ་འགྲོ་བཞིན་པའི་སྐོར་གང་ཐུབ་གོ་རྟོགས་སྤེལ་དགོས་པ་སོགས་གསུངས་འདུག
ན་གཞོན་ལས་འགུལ་བ་ཁོང་གིས་མཉམ་འབྲེལ་རྒྱལ་ཁབ་ལ་ཕུལ་བའི་ཞུ་ཡིག་ཏུ་འཁོད་པའི་དོན་ཚན་བརྒྱད་པོ་གཤམ་གསལ།
དང་པོ། མཉམ་འབྲེལ་རྒྱལ་ཁབ་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་ཞུ་དགོས་པའི་སྐུལ་མ་གཏོང་དགོས་པ།
གཉིས་པ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ།
གསུམ་པ། རྒྱ་ནག་གཞུང་གིས་ཞིབ་འཇུག་གང་ཡང་མེད་པར་བོད་ནང་གཏེར་ཁ་གང་བྱུང་སྔོག་འདོན་བྱེད་བཞིན་པ་མཚམས་འཇོག་དགོས་པ།
བཞི་པ། རྒྱ་ནག་གཞུང་གིས་དྲིལ་བསྒྲགས་སྤེལ་བཞིན་པའི་ཁ་གཏད་དུ། རྒྱལ་སྤྱིའི་གསར་འགོད་པ་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་ནང་ཡོང་འཇུག་དགོས་པ།
ལྔ་པ། བོད་རྒྱ་གྲོས་མོལ་སླར་གསོ་ཡོང་སླད་རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་དགོས་པ།
དྲུག་པ། རྒྱ་ནག་གཞུང་གིས་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཇི་བཞིན་བྱེད་ཀྱི་མེད་པར་བརྟེན། དེའི་འགན་འཁྲི་རྒྱ་ནག་གཞུང་ལ་བྱེད་འཇུག་དགོས་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་སུ་སེམས་ཅན་གསོན་པོའི་ཤ་ཁྲོམ་ཁག་སྒོ་བརྒྱག་འཇུག་དགོས་པ་དང་། དེ་བཞིན་སེམས་ཅན་ལ་ཡ་ང་སྙིང་རྗེ་མེད་པར་གདུག་རྩུབ་གཏོང་བཞིན་པ་མཚམས་འཇོག་དགོས་པ།
བདུན་པ། བོད་དང་ཡུ་གུར་མི་རིགས་རྣམས་སོ་སོའི་ཕ་ཡུལ་དུ་གནས་སྐོར་དང་ནང་མི་སྤུན་མཆེད་སོགས་ལ་ཐུག་འཕྲད་དུ་ཡོང་འཇུག་དགོས་པ།
བརྒྱད་པ། རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་སུ་བཙན་འཛུལ་བྱེད་བཞིན་པ་དང་། ཁྲིམས་འགལ་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་བཞིན་པ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་བཅས་སོ། །
གསར་འགོད་པ་དཀོན་མཆོག་རབ་བརྟན།
