བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་ཅི་ལྟར་བསྒྱུར་རམ།

 ཡེ་ཤེས་རྡོ་རྗེས།

བར་ལམ་ཕྲན་གྱིས་པདྨ་ལས་འཁྲུངས་པའི་གུ་རུ་འཚོལ་བ་ཞེས་པའི་དབྱིན་ཇའི་ནང་གི་དངོས་བྱུང་གློག་བརྙན་ཞིག་མཐོང་སོང་། གློག་བརྙན་བཟོ་མཁན་གྱིས་ཁོང་ལ་གུ་རུ་རིན་པོ་ཆེས་དེ་ལྟར་བཟོ་དགོས་པའི་ལུང་བསྟན་གནང་ནས་གློག་བརྙན་དེ་བཟོས་པ་ཡིན་ཚུལ་བརྗོད་འདུག པེ་ཅིང་གི་སློབ་སྟོན་པ་ཡིན་པའི་རྒྱ་ནག་ནང་གི་ཨ་རིའི་ཚོང་པ་གཅིག་ལ་གུ་རུ་རིན་པོ་ཆེས་ལུང་བསྟན་དེ་ལྟར་གནང་ཡོད་མེད་མ་ཤེས་དེ། ང་ལ་མཚོན་ན་གློག་བརྙན་དེས་རྒྱ་ནག་གིས་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་བའི་གོམ་པ་ཅི་འདྲ་བྱས་ནས་སྤོ་སྲིད་པའི་ལུང་བསྟན་ཆུང་ཆུང་ཞིག་གནང་ཡོད་པའི་ཚོར་སྣང་ཞིག་བྱུང་།

གློག་བརྙན་དེ་ལོ་གཉིས་གོང་ཙམ་ནས་སྟོན་འགོ་བཙུགས་ཡོད་པ་འདྲ་ལ་རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་གྱིས་བརྗོད་པ་ལྟར་ན།༢༠༡༨ ལོར་དེར་ཁེ་ན་ཌིའི་ནང་གཟེངས་རྟགས་གཅིག་ཀྱང་ཐོབ་ཡོད་འདུག

གློག་བརྙན་དེར་ཧོབ་སྟེ་བལྟས་ན་གུ་རུ་མཚན་བརྒྱད་ཀྱི་གལ་ཆེའི་དོན་སྙིང་ལྡན་པའི་གློག་བརྙན་ཡག་པོ་གཅིག་འདུག་བསམ་སྲིད་ཀྱི་རེད།འོན་ཀྱང་རྒྱ་ནག་གི་སྲིད་ཇུས་དང་ཐབས་ཇུས་ཀྱི་སྒེའུ་ཁུང་བརྒྱུད་ནས་དེར་བལྟས་ན་འདི་ནི་བོད་ཀྱི་ནང་ཆོས་ཐོག་ཧ་ཅང་གལ་ཆེ་བའི་གུ་རུ་མཚན་བརྒྱད་ཀྱི་ལོ་རྒྱུས་དེ་བེད་སྤྱད་ནས་གུ་རུ་རིན་པོ་ཆེའི་ཤུལ་དུ་བཞག་གནང་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་ཆོས་དེ་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་འབད་བརྩོན་གྱི་གོམ་ཁ་དང་པོའི་གྲས་ཤིག་ཡིན་པའི་ཚོར་སྣང་བྱུང་།

སྤྱིར་དྲིལ་བསྒྲགས་ཀྱི་གློག་བརྙན་(འམ་ཡང་ན་རྒྱུས་ལམ་ཅི་ཞིག་ཡིན་ནའང)་དེར་དོན་གནད་ཁ་ཤས་ཀྱི་ཐོག་ནས་ལྟ་དགོས་པ་ཞིག་ཡིན་ཏེ།གཅིག་ནས་གློག་བརྙན་དེ་བལྟས་རྗེས་མིའི་སེམས་ནང་དེ་མ་ཐག་ཏུ་སླེབས་པའི་སེམས་ཚོར་ཅི་ཞིག་འཇོག་གི་ཡོད་པ་དང་། ཡང་དེ་མ་ཐག་གསལ་པོ་མ་མཐོང་ཡང་གོམ་རིམ་རྗེས་མའི་དྲིལ་བསྒྲགས་ཀྱི་ལྕགས་ཀྱུ་བསྐོང་སའི་བག་ཆགས་ཀྱི་ཨ་ལོང་ཅི་ཞིག་བསྐྲུན་གྱི་ཡོད་པར་བལྟ་དགོས་ལ། དེ་ཡང་གློག་བརྙན་ནང་གི་སྐད་ཆ་ཤོད་མཁན་སུ་ཡིན་པ་དང་ས་ཁམས་ཆབ་སྲིད་ཀྱི་མིང་ཚིག་ཅི་འདྲ་བེད་སྤྱོད་གཏོང་གི་ཡོད་པ་སོགས་ཕྱོགས་མང་པོར་དོ་སྣང་ཡོད་པའི་ཐོག་ནས་བལྟས་ན། རྒྱ་ནག་གཞུང་གིས་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་ཆེད་ནང་དུ་འབར་མདེལ་སྦས་པའི་དྲིལ་བསྒྲགས་ཀྱི་འཕུར་མདེལ་དེ་ཅི་འདྲ་བྱས་ནས་འཕེན་རྒྱུ་ཡིན་པའི་སྐྱ་ཐིག་གི་ཟུར་ཞིག་མཐོང་ཐུབ་རྒྱུ་རེད།

གློག་བརྙན་དེ་བཟོ་མཁན་རྒྱུན་རིང་རྒྱ་ནག་ནང་ཚོང་གཉེར་བྱེད་བཞིན་སྡོད་མཁན་ཨ་རི་ཁ་བ་ལོ་རེན་སི་བྷི་རམ་ནི། བོད་ཀྱི་གནད་དོན་ཐོག་སྔར་ནས་ལག་པ་འཆང་མྱོང་མཁན་ཞིག་དང་། རྒྱ་ནག་གཞུང་གི་སློབ་སྟོན་པ་ཡིན་བརྗོད་མཁན་ཞིག་རེད་འདུག(ཁོང་གི་ཞིབ་ཕྲའི་ལོ་རྒྱུས་གཤམ་ལ་ཞུ་ཆོག)ཁོང་གིས་གློག་བརྙན་དེ་བཟོ་དགོས་པའི་རྒྱུ་མཚན་བཤད་དུས། ཁོང་ལ་གུ་རུ་རིན་པོ་ཆེ་ཡིས་རྨི་ལམ་གྱི་རྒྱུད་ནས་ཐད་ཀར་ལུང་བསྟན་གནང་ནས་གློག་བརྙན་དེ་བཟོས་པ་ཡིན་ཚུལ་ཤོད་ཀྱི་ཡོད་པ་དེ་ནི། གློག་བརྙན་དེའི་ནང་བོད་ཀྱི་བླ་མ་ཁག་གིས་མཉམ་ལས་ཡོང་རྒྱུའི་ཆེད་དུ་བཤད་པ་ཞིག་སྲིད་ཀྱི་རེད་དྲན། ངས་དྲ་ཐོག་ལ་བཞག་པའི་གློག་བརྙན་དེའི་ཆ་ཤས་ཁག་གཅིག་བལྟས་པ་ཡིན། དེའི་གྲས་ནས་རིང་ཤོས་དེ་སྐར་མ་༣༠ ཙམ་ཞིག་འདུག དེ་འགོ་བཙུགས་དུས་གུ་རུ་རིན་པོ་ཆེ་བོད་ཀྱི་ནང་ཆོས་སམ་གསང་སྔགས་ཀྱི་ཆོས་ཀྱི་ཕ་རེད་ཅེས་བརྗོད་ནས་གུ་རུ་རིན་པོ་ཆེ་བོད་ཀྱི་ནང་ཆོས་དང་དམ་དུ་འབྲེལ་བའི་སྐད་ཆ་གཅིག་བཤད་ཡོད་མོད། རིམ་བཞིན་སྒྱུ་རྩལ་དང་ལྡན་པའི་ཐོག་མིའི་སེམས་ཁམས་སུ་གུ་རུ་རིན་པོ་ཆེའི་ལོ་རྒྱུས་དང་རྒྱ་ནག་ཟེར་བའི་མིང་གི་བར་ལ་འབྲེལ་བའི་ལམ་བུ་བསྐྲུན་རྒྱུའི་འབད་བརྩོན་བྱས་འདུག་བསམ།

ངས་སྔོན་དཔག་བྱེད་རྒྱུ་ཞིག་ལ། བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ལས་དོན་ནང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་ཀྱི་ནང་ཆོས་ཀྱི་ཚོགས་ཆེན་འཚོག་རྒྱུ་དང་། བརྙན་འཕྲིན་དང་གློག་བརྙན་བཀྲམ་རྒྱུ། བརྒྱུད་ལམ་འདྲ་མིན་ནང་གླེང་མོལ་བྱེད་པ་སོགས་བྱེད་རྒྱུ་དང་།དེའི་ནང་དོན་དམ་པའི་བདག་པོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞུ་མི་དགོས་པའི་ཐོག་་་བཙན་བྱོལ་ནང་བཞེངས་ཕྱོགས་བརྟན་པོར་བཞུགས་པའི་བོད་ཀྱི་ནང་ཆོས་ཀྱི་ཆོས་ལུགས་སོ་སོའི་དོན་དམ་པའི་བདག་པོ་ཡིན་པའི་བླ་ཆེན་གཞན་རྣམས་ཀྱང་ཟུར་དུ་འཇོག་ནས་རྒྱ་ཡིས་འགུག་ཐུབ་པའི་བླ་གྲྭ་བཙུན་གསུམ་རེ་ཟུང་དང་། ནང་བསྟན་སློབ་གླིང་ཟེར་བའི་ནང་རྒྱ་བོད་དབྱིན་གསུམ་བསླབ་ནས་གསོ་སྐྱོང་བྱེད་བཞིན་པའི་གྲས་ཀྱི་མི་སྣ། དེ་བཞིན་རྒྱ་ནག་དང་བློ་ཐག་ཉེ་བའི་ནུབ་ཕྱོགས་ཀྱི་མི་སྣ་བཅས་བེད་སྤྱོད་བྱས་ཐོག རིམ་བཞིན་བོད་ཀྱི་ནང་ཆོས་དང་དེའི་ལོ་རྒྱུས་ཤོད་མཁན་རྒྱ་མི་ཇེ་མང་དུ་བཏང་ནས་བོད་ཀྱི་ནང་ཆོས་དབང་སྒྱུར་བྱེད་རྒྱུ་མ་ཟད། དེ་ཡང་བོད་ཀྱི་ནང་ཆོས་དང་མཉམ་དུ་རྫུན་བཟོ་བྱས་པའི་ལོ་རྒྱུས་མཉམ་བསྒྲགས་བྱེད་རྒྱུ་རེད་ལ། ཐ་ན་རིམ་བཞིན་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ཀྱང་རྒྱ་མིའི་ཁྱིམ་ཚང་ནང་ངོས་འཛིན་ཇེ་མང་གཏོང་སྲིད་པ་དང་། དེ་ཡང་དང་ཐོག་རྒྱ་ཡིས་བེད་སྤྱོད་བྱ་རྒྱུ་རག་པའི་བོད་ཀྱི་བླ་སྤྲུལ་བརྒྱུད་ནས་བྱེད་རྒྱུ་དང་། རིམ་བཞིན་པེ་ཅིང་སྲིད་གཞུང་གི་ནང་བསྟན་མཐུན་ཚོགས་ཟེར་བ་སོགས་ཀྱིས་ཐད་ཀར་ངོས་འཛིན་བྱེད་སྲིད་ཀྱི་རེད། དེ་ཙམ་མ་ཚད། རྒྱལ་སྤྱིའི་ཕྱི་འབྲེལ་གྱི་ལས་དོན་བརྒྱུད་ནས་བོད་ཀྱི་ནང་ཆོས་ཀྱིས་རྒྱ་ནག་ཟེར་བའི་མིང་ཁུར་དགོས་པ་བཟོ་རྒྱུའི་འབད་བརྩོན་བྱེད་སྲིད་ཀྱི་རེད་དྲན།

གལ་ཏེ་དེ་ལྟར་བྱས་ན་དེ་ལ་ནུས་པ་ཡོང་རྒྱུ་མ་རེད་རྩ་བ་ནས་དྲན་མི་ཉན། རྒྱ་ནག་གིས་རྒྱུན་དུ་ཤོད་སྲོལ་ཞིག་ལ་རྫུན་གཏམ་ཤིག་ཡང་བཤད་སྐྱར་བཤད་བྱས་ན་བདེན་པ་ལ་བསྒྱུར་ཐུབ་ཟེར་གྱི་ཡོད་པ་བཞིན། ཁོང་ཚོས་དེ་ཐབས་ཇུས་དངོས་ནང་ལག་ལེན་བལྟར་ནས་ད་བར་རྒྱལ་ཁ་མང་པོ་ཐོབ་ཡོད། དཔེར་ན་དེ་སྔོན་རྒྱ་ནག་དང་བོད། རྒྱ་མི་དང་བོད་པ་ཟེར་བའི་ཐ་སྙད་དེ་བོད་མི་རྣམས་ཀྱི་ཀླད་ཁམས་སུ་རྩ་བ་བརྟན་པོར་ཚུགས་ཡོད་པ་མ་ཚད། ནུབ་ཕྱོགས་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་འཇུ་སའི་ཡུ་བ་དང་འདྲི་སའི་ལུང་བྱེད་སའི་ཐ་སྙད་ཁག་གཅིག་རེད་དྲན།  འོན་ཀྱང་རིམ་བཞིན་རྒྱ་ནག་གི་ཤུགས་རྐྱེན་གྱིས་ཐ་སྙད་དེ་དག་ལ་འགྱུར་བ་འགྲོ་འགོ་བཙུགས་པ་དང་། དེ་ཡང་༡༩༩༠ གོ་གྲངས་ནང་བོད་ཕྱོགས་ལ་རྒྱབ་སྐྱོར་བྱེད་ནས་་བོད་དོན་གནས་ཚུལ་སྤེལ་མཁན་ཞིག་སོགས་ཀྱིས་བོད་ནང་རྒྱ་མི་གནས་སྤོའི་གནས་ཚུལ་བཀོད་དུས་ཧཱན་མི་རིགས་ཟེར་བའི་ཚིག་སྤྱོད་འགོ་བཙུགས་པ་དང་། དུས་ཚོད་རིང་པོར་མ་སོང་བར་ཐ་སྙད་དེ་རྡ་རམ་ས་ལའི་གཞུང་འབྲེལ་གྱི་ཐ་སྙད་ཆགས་པར་རྟེན། དབྱིན་ཚིག་ནང་བོད་མི་དང་རྒྱ་མི་ཟེར་བ་དེ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་འོག་གི་ཧཱན་རྒྱ་མི་དང་བོད་རྒྱ་མི་ཟེར་བ་འབོད་སའི་ལམ་ཁ་བསྐྲུན་ཟིན་པ་རེད་ལ། རྒྱ་ནག་གཞུང་འབྲེལ་དྲིལ་བསྒྲགས་ཁ་ཤས་ཀྱིས་དེ་འདྲ་བརྗོད་རྒྱུའི་དུས་ལ་བབ་ཡོད་མེད་ཚོད་ལྟ་ཡང་བྱས་ཡོད། ད་ལྟ་རྒྱ་མི་ཚོས་བོད་མི་རྣམས་ལ་ཁ་སྡུང་གཏོང་དུས་ཁྱོད་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཡིན་པར་རྟེན་ངེས་པར་དུ་རྒྱ་སྐད་དེ་ཁྱོད་ཀྱི་སྐད་ཡིག་བྱེད་དགོས་ཅེས་རྩོད་གླེང་བྱེད་འགོ་བཙུགས་ཡོད་པ་སྤྱི་ཚོགས་དྲ་ལམ་ཁག་ནང་མཐོ་རྒྱུ་ཡོད་པ་འདི་ཚོ་རེད།

དུས་ཀྱི་འགག་རྩ་འདིར་ད་ལྟ་འཛམ་གླིང་ནང་གྲགས་པའི་བོད་ཀྱི་ནང་ཆོས་ཟེར་བ་དེ་ཡང་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བམ། རྒྱ་ནག་གི་ནང་ཆོས་ཞེས་བསྒྱུར་རྒྱུའི་ལས་ཀ་འགོ་བཙུགས་པ་རེད།

དེས་ན་གློག་བརྙན་འདི་ལྟ་བུ་ཡིས་རྒྱ་ནག་གི་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་བའི་ལས་དོན་དེའི་སྟ་གོན་ལ་ཕན་ཐོགས་ཅི་འདྲ་བྱེད་ཀྱི་ཡོད་དམ་ཟེར་ན། གཤམ་ལ་བཀླག་པར་འཚལ།

གཅིག མི་སྣ་བེད་སྤྱོད།

གློག་བརྙན་དེ་བཟོ་བར་གློག་བརྙན་བཟོ་མཁན་རྒྱ་གར་དང་བལ་ཡུལ། བོད། འབྲུག པ་ཀི་སི་ཐན་སོགས་ནང་བསྐྱོད་འདུག་ཀྱང་། བཙན་བྱོལ་ནང་གི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་ཆེས་མཐོའི་བླ་ཆེན་སུ་ཞིག་ལ་བཀའ་འདྲི་ཞུས་མི་འདུག དེ་ནིི་གོང་དུ་ཞུས་པ་ལྟར་དམིགས་ཡུལ་ངེས་ཅན་ཡོད་པར་བརྟེན་ནས་ཡིན་པ་བརྗོད་མི་དགོས།

གུ་རུ་རིན་པོ་ཆེའི་ལོ་རྒྱུས་ཐད་རྒྱ་མི་ལ་འདྲི་དགོས་པའི་རྒྱུ་མཚན་ཞིག་མེད་ན་ཡང་། གློག་བརྙན་དེའི་ནང་གི་སྐད་ཆ་ཤོད་མཁན་གལ་ཆེའི་མི་སྣ་མང་པོ་ཞིག་རྒྱ་མི་བཅུག་འདུག  མ་གཞི་རྒྱ་མི་དེ་རྣམས་ཀྱི་གྲས་སུ་ཧོང་ཀོང་ལ་སོགས་པར་སྡོད་མཁན་ཡོད་ཀྱང་སྲིད་དེ། རྒྱའི་མི་རིགས་གུ་རུ་རིན་པོ་ཆེའི་གློག་བརྙན་ནང་ལོ་རྒྱུས་ཤོད་མཁན་དུ་འཇོག་པ་དེ་གོང་དུ་ཞུས་པ་ལྟར་གུ་རུ་རིན་པོ་ཆེ་དང་རྒྱ་ནག་གི་བར་ལ་འབྲེལ་མེད་འབྲེལ་བ་བཟོ་རྒྱུའི་དྲིལ་བསྒྲགས་ཀྱི་ལམ་བུ་བཟོ་བའི་སྒྱུ་རྩལ་ལམ་གཡོ་རྩལ་ཞིག་རེད། འདི་ཡིས་མིའི་སེམས་ནང་རྒྱ་མིས་བོད་ཀྱི་ནང་ཆོས་ཀྱི་ལོ་རྒྱུས་ཤོད་རྒྱུར་གོམས་འདྲིས་ཡོང་རྒྱུ་འགོ་བཙུགས་ཀྱི་ཡོད་པ་མ་ཚད། བོད་ཀྱི་ནང་ཆོས་ཐོག་རྒྱ་མི་ལ་ཐོབ་ཐང་ཡོད་པའི་ངོ་བོ་ཡང་སྐྲུན་གྱི་ཡོད། གློག་བརྙན་དེའི་ནང་ནུབ་ཕྱོགས་ཀྱི་མི་ཁ་ཤས་འདུག་པ་དེ་དག་ཁག་གཅིག་རྒྱ་ནག་དང་འབྲེལ་བ་ཡོད་པའི་མི་སྣ་མིན་ནམ་དྲན།དཔེར་ན་གྷི་རེག་ཤིས་(Greg Shea) ཟེར་བའི་ཁེ་ན་ཌའི་མི་དེ་སྤྱི་ལོ་༡༩༨༧ ལོར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་མགྲོན་འབོད་བྱས་འདུག་ལ། དུས་དེ་ཙམ་ནས་ད་བར་ལས་ཀ་མང་ཆེ་བ་རྒྱ་ནག་ནང་བྱས་འདུག ད་ལྟ་འཕྲུལ་རྩལ་ཐོག་གི་སློབ་སྟོན་པ་བྱས་ནས་པེ་ཅིང་དུ་ཁྱིམ་ཚང་བཟུང་ནས་སྡོད་མཁན་ཞིག་རེད་འདུག ཡང་བོད་ནང་གི་བླ་མ་གཅིག་འདུག་པ་དེ་བོད་སྐད་ཤེས་མཁན་ཞིག་ཡིན་པ་ཐག་ཆོད་དེ་རྒྱ་སྐད་ནང་སྐད་ཆ་བཤད་བཅུག་འདུག

གཉིས། ཐ་སྙད་དང་ལོ་རྒྱུས། ས་ཁམས།

གློག་བརྙན་འདིའི་ནང་གོ་སྐབས་ནམ་བྱུང་ལ་བོད་སྐད་ནང་གི་གུ་རུ་རིན་པོ་ཆེའི་མཚན་བརྗོད་སྐབས། རྒྱ་སྐད་ནང་ཁོང་ལ་ཅི་འབོད་ཀྱི་ཡོད་པའི་མཚན་ཞིག་རྐང་བཙུགས་ནས་མཉམ་འཇུག་བྱས་པ་དེ་ཡིས་གུ་རུ་རིན་པོ་ཆེ་ནི་སྔར་ནས་རྒྱ་ནག་དང་འབྲེལ་བ་ཡོད་པ་རྒྱུས་མེད་ཀྱི་མི་རྣམས་ཀྱི་སེམས་སུ་འཆར་སྣང་སྤྲོད་ཀྱི་རེད། ཐ་ན་དྲ་ཐོག་ལ་གློག་བརྙན་དེའི་དྲིལ་བསྒྲགས་ཀྱི་ཡི་གེ་བཀྲམ་པའི་ནང་ལ་ཡང་བོད་ཀྱི་སྐད་ལ་གུ་རུ་རིན་པོ་ཆེ་དང་རྒྱ་སྐད་དུ་ལེ་ཧ་ཧྲིང་ཏ་ཧྲི་ཅེས་མཉམ་དུ་ཨུ་ཚུགས་བྱས་ནས་བྲིས་འདུག དེ་བཞིན་བོད་སྐད་ཀྱི་ཆོས་ཚིག་རེ་རེའི་རྗེས་སུ་རྒྱ་ཡི་མིང་ཚིག་རེ་གང་ཐུབ་ཀྱིས་བཅུག་ཡོད་པ་དཔེར་ན། མཁའ་འགྲོ་མ་ཞེས་མིང་བརྗོད་སྐབས། དེའི་རྗེས་སུ་རྒྱ་སྐད་ནང་དེ་ལ་མིང་ཅི་འབོད་ཀྱི་ཡོད་པ་བརྗོད་པ་དེ་དག་ནི་བོད་ཀྱི་ནང་ཆོས་འདི་རྒྱ་ནག་དང་ཐ་མ་དད་པའི་ཆོས་ཤིག་ཡིན་པའི་ཚོར་བ་སྐྲུན་པའི་དྲིལ་བསྒྲགས་ཀྱི་གོམ་འགྲོས་ཤིག་རེད།

གློག་བརྙན་དེའི་ནང་སྐད་ཆ་ཤོད་མཁན་མི་སྣ་གཙོ་བོ་ཞིག་ནི་ལུམ་བྷིས་ནིས་སངས་རྒྱས་ཀྱི་འགྲེམས་སྟོན་ཁང་ཟེར་བའི་འགན་འཛིན་ཡིན་པའི་བལ་ཡུལ་གྱི་བེུད་སུམ་ནིས་མ་ཨུ་དྷ་སི་(Sumnima Udas) ཟེར་བ་(མོ་ད་ལྟ་ལྡི་ལི་རུ་ཨ་རིའི་CNN གསར་འགྱུར་ལས་ཁུངས་ཀྱི་ལས་ཀ་བྱེད་མཁན་ཞིག་ཀྱང་རེད་འདུག) མོ་ཡིས་གུ་རུ་རིན་པོ་ཆེ་བལ་ཡུལ་གྱི་པ་ཐཱན་ཟེར་བར་བཞུགས་པའི་སྐབས་ཀྱི་ལོ་རྒྱུས་ཤོད་སྐབས།བྱང་ལ་རྒྱ་ནག་དང་ནུབ་ལ་པར་ཤེས་ཡ། ལྷོ་རུ་རྒྱ་གར་བཅས་ཡོད་པས་དེ་དུས་ས་ཆ་འདི་དར་ལམ་གྱི་དབུས་སུ་ཁེལ་གྱི་ཡོད་རེད་ཅེས་བརྗོད་ནས། བོད་བཙན་པོའི་སྐབས་སུ་ཡང་བོད་ཟེར་བའི་རྒྱལ་ཁབ་གཅིག་ཡོད་པ་རྩིས་མེད་བཏང་སྟེ་ས་ཆ་དེར་དེ་དུས་ནས་རྒྱ་ནག་ཟེར་གྱི་ཡོད་པའི་རྣམ་པ་བསྟན་ཐབས་བྱས་འདུག

ཡང་མོ་ཡིས་གུ་རུ་རིན་པོ་ཆེས་སྤེལ་བའི་ཆོས་ཀྱི་ཁྱད་ཆོས་བཤད་སྐབས། ན་རེཿ་ ཁོང་གིས་ནང་ཆོས་སྤེལ་སྐབས་ཡུལ་མི་རྣམས་ཀྱི་སྔར་ནས་དད་པ་བྱེད་ཡུལ་དང་མཉམ་དུ་ནང་ཆོས་འདྲིས་བཅུག་ནས་ཆོས་སྤེལ་བར་བརྟེན། རྒྱ་གར་གྱི་ནང་ཆོས་དང་རྒྱ་ནག་གི་ནང་ཆོས་གཉིས་བར་མི་འདྲ་བ་ཆགས་པའི་རྒྱུ་མཚན་དེ་རེད་ཅེས་བརྗོད་ནས་སླར་ཡང་བོད་ཀྱི་ནང་ཆོས་དེ་རྒྱ་ནག་གི་ནང་ཆོས་ཡིན་པའི་འཁྱོག་བཤད་བྱས་འདུག

དེ་ནི་སྐད་ཆའི་དྲིལ་བསྒྲགས་ཀྱི་གྲས་ཤིག་ཡིན་པ་དང་།ཡང་བརྙན་གྱི་ཆ་ནས་གུ་རུ་རིན་པོ་ཆེ་དང་བོད་ཀྱི་ནང་ཆོས་ཤོད་དུས་རྒྱ་ནག་་གི་ས་ཁྲ་བསྟན་ནས་ཆོས་ལུགས་དེའི་བདག་པོ་སུ་ཡིན་པ་མཚོན་པར་བྱས་འདུག་དྲན།

དཔེར་ན་དགེ་འདུན་པས་འདོན་པ་འདོན་སའི་བརྙན་པར་སྟོན་དུས་ཀྱང་ལམ་སེང་དེའི་ཟུར་དུ་རྒྱ་ནག་ཅེས་བྲིས་པའི་ས་ཁྲ་ཞིག་མཉམ་དུ་བསྟན་ནས་གང་ཐུབ་ཐུབ་ཀྱིས་རྒྱ་ནག་ཟེར་བའི་སྒྲ་དང་བརྙན་རྣམས་གུ་རུ་རིན་པོ་ཆེའི་གློག་བརྙན་གྱི་གཟུངས་འཇུག་ལ་བཅུག་རྒྱུའི་གོ་སྐབས་དམ་འཛིན་ཅི་ཡོང་བྱས་འདུག་སྙམ།

ཡང་གུ་རུ་རིན་པོ་ཆེའི་ལོ་རྒྱུས་བརྗོད་སྐབས། རྒྱ་ནག་ཐང་གོང་མའི་ལོ་རྒྱུས་ལ་ཁུངས་གཏུགས་ནས་རྒྱ་མི་ཞིག་གིས་གུ་རུ་རིན་པོ་ཆེ་ས་ཆ་གང་དུ་འཁྲུངས་པ་ཡིན་པའི་སྐོར་བརྗོད་ཀྱི་ཡོད་པ་དེ་ཡིས་ཀྱང་གུ་རུ་རིན་པོ་ཆེའི་རྣམ་ཐར་གྱི་དབང་ཆ་དེ་རྒྱ་ནག་གི་ལོ་རྒྱུས་ལ་རྩིས་སྤྲོད་བྱེད་ཐབས་བྱས་པ་ཞིག་རེད།

གློག་བརྙན་དེའི་ནང་འབྲུག་བལ་ཁུལ་དུ་བཞུགས་པའི་བོད་ཀྱི་བླ་གྲྭ་ཁག་ལ་གུ་རུ་རིན་པོ་ཆེའི་སྐོར་སྐད་ཆ་དྲིས་འདུག་ལ། ཁོང་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་གུ་རུ་རིན་པོ་ཆེའི་ལོ་རྒྱུས་གསུང་ཡོད་ཀྱི་རེད་ཀྱི་དྲན་པ་ལས་གློག་བརྙན་བཟོ་མཁན་དང་འབྲེལ་བ་ཡོད་མེད་མ་ཤེས།བལ་ཡུལ་དུ་བཞུགས་པའི་ཆོས་དབྱངས་སྟོན་མཁན་ཨ་ནེ་དེ་ཕལ་ཆེར་གློག་བརྙན་དེའི་ནང་གི་བོད་ཀྱི་བུད་མེད་སྐད་ཆ་ཤོད་མཁན་གཅིག་པོ་དེ་ཡིན་པ་འདྲ།

དྲ་ཐོག་ལ་བཞག་པའི་གློག་བརྙན་དེའི་དུམ་བུ་རིང་ཤོས་སྐར་མ་༣༠ བྱས་པ་དེའི་མཇུག་ཏུ་བོད་ཀྱི་བླ་མ་སྐུ་ན་བགྲེས་པོ་ཞིག་གིས་སྐུ་ཞབས་ལོ་རན་སི་བྷི་རམ་ལ་མཇལ་ཁ་བསྩལ་རྗེས་གསུང་དོན། གུ་རུ་རིན་པོ་ཆེའི་ལོ་རྒྱུས་དང་རྣམ་ཐར་སྤེལ་ཐུབ་ན་དཔེ་ཡག་པོ་རེད། སེམས་ཅན་ཐམས་ཅན་ཀྱིས་ཡིད་ཆེས་སྐྱེ་ཐུབ་པ་ཞིག་སྤེལ་ཐུབ་ན་དཔེ་ཡག་པོ་རེད་ཅེས་གསུང་ནས་མདུན་དུ་ཙོག་པོར་བསྡད་པའི་གློག་བརྙན་བཟོ་མཁན་ལ་གུ་རུའི་སྐུ་ཞིག་གནང་གི་འདུགག གསུང་སྟངས་དེ་ལ་བལྟས་ན་རིན་པོ་ཆེ་དེ་ལ་གློག་བརྙན་དེ་གུ་རུ་རིན་པོ་ཆེའི་ལོ་རྒྱུས་ཁྱབ་སྤེལ་གཏོང་ཆེད་ཡིན་ཚུལ་ཞུས་མེད་དམ་དྲན།

མ་གཞི་གློག་བརྙན་བཟོ་མཁན་ལ་རྨྱི་ལམ་འདྲ་པོ་བྱུང་ཡོད་མེད་སུས་ཤེས་ལ། དེ་ཡིས་རྐྱེན་གྱིས་གློག་བརྙན་བཟོས་ཡིན་མིན་ཡང་ངས་ཁ་མཚོན་བཅད་ནས་ཤོད་ག་ལ་ཐུབ།འོན་ཀྱང་ཁོང་གི་ལོ་རྒྱུས་དང་རྒྱབ་ལྗོངས་ལ་བལྟས་ན། དེའི་དམིགས་ཡུལ་ལ་ང་ཚོས་དོགས་ཟོན་བྱེད་འོས་པ་ཞིག་རེད་ལ། གོང་དུ་ཞུས་པ་ལྟར་གློག་བརྙན་འདིའི་ཕྱི་ནང་གསང་གསུམ་གང་ལ་བལྟས་ཀྱང་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ལས་དོན་གྱི་ཆུ་སྣ་འདྲེན་མཁན་ལྟ་བུ་ཞིག་མཐོང་སོང་། སྤྱིར་གློག་བརྙན་གཅིག་གིས་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་མི་ཐུབ་ལ། རྒྱ་ནག་གཞུང་གིས་གློག་བརྙན་ཁོ་ན་བརྒྱུད་ནས་ལས་འགུལ་སྤེལ་གྱི་མ་རེད་མོད། འོན་ཀྱང་འདི་ལྟ་བུ་གོམ་པ་རིམ་སྤོས་ཀྱིས་གཅིག་འཇུག་གཉིས་མཐུད་ནས་ལས་ཡོང་ན། རིམ་བཞིན་ཤོག་བུ་སྣུམ་ཀྱིས་ཟོས་པ་ལྟར་ད་ཡོད་ཀྱི་བོད་ཀྱི་ནང་ཆོས་ཀྱི་ངོ་བོ་འདི་ལ་འགྱུར་བ་འགྲོ་མི་སྲིད་པ་རྩ་བ་ནས་མ་རེད་དྲན།

དེས་ཙམ་མ་ཚད་གལ་ཏེ་བོད་ཀྱི་ནང་ཆོས་ནང་རྒྱ་མིས་དབང་སྦྱོར་ཇེ་ཆེར་སོང་ནས་རྒྱ་མིའི་བོད་ཀྱི་སྤྲུལ་སྐུ་བྱེད་པའི་དུས་ཤར་ཚེ། རིམ་བཞིན་བོད་ཀྱི་ནང་ཆོས་ཀྱི་བདག་དབང་ཙམ་མ་ཚད། བོད་ཀྱི་ནང་ཆོས་ཀྱི་སྙིང་པོ་ཡང་རྒྱ་ནག་གི་ནང་ཆོས་ལྟར་འཇིག་རྟེན་གྱི་དྲི་མའི་སྦག་པའི་ཆོས་ཤིག་ལ་འགྱུར་མི་སྲིད་པ་ག་ལ་ཡིན། དེར་རྟེན་ད་ལྟ་གསོན་པོར་གནས་པའི་བོད་རྒྱལ་བཙན་པོའི་ཐུགས་རྒྱུད་ཀྱི་རྨུ་ཐག་རིང་མོ་འདི་སྲུང་སྐྱོབས་བྱེད་རྒྱུ་དེ་བོད་མི་རིགས་ཀྱི་སྲོག་རྩ་སྲུང་རྒྱུའི་ཆེད་ཡིན་ལ་དཔལ་ནཱ་ལེནྜིའི་ཆོས་རྒྱུད་དྲི་མ་མེད་པ་དེ་འཇིག་རྟེན་འདི་ནས་ཁ་འབྲལ་མི་འཇུག་པར་མུ་མཐུད་ནས་སྲུང་རྒྱུའི་ཆེད་ཀྱང་ཡིན་པ་དྲན་དགོས་སོ།།

གློག་བརྙན་བཟོ་མཁན་དེའི་རྒྱབ་ལྗོངས་ལ་བརྩད་ཕྲན་བུ་ཞིག་བཅད་ནས་གཤམ་ལ་བྲིས་ཡོད།

ལོ་རེན་སི་བྷི་རམ་ནི་དང་ཐོག་ཨ་མི་རི་ཁའི་ནང་གི་ཁྲིམས་རྩོད་པ་ཞིག་ཡིན་ཀྱང་ལོ་མང་པོའི་གོང་ནས་རྒྱ་ནག་ཏུ་སྤོས་ནས་པེ་ཅིང་དུ་སྡོད་མཁན་ཞིག་རེད་འདུག ཁོང་གིས་དེ་སྔོན་ནས་པེ་ཅིང་དུ་མགྲོན་ཁང་སྐད་གྲགས་ཅན་རེ་གཉིས་བཟུང་བ་དང་། བོད་ཀྱི་རྒྱལ་ས་ལྷ་ས་ལ་ཤམ་བྷ་ལ་ཁང་པ་ཟེར་བ་སྔར་གྱི་ལྷ་ཁང་ཞིག་མགྲོན་ཁང་བསྒྱུར་ནས་བཟུང་འདུག ༢༠༠༨ལོའི་རྗེས་སུ་བོད་ནང་ཕྱི་རྒྱལ་གྱི་མི་ཚང་མ་ཕྱིར་འབུད་བྱས་ཡོད་ཀྱང་། མི་གཉིས་མུ་མཐུད་ནས་ཚོང་ལས་བྱས་བཅུག་ཡོད་པ་དེའི་གྲས་ནས་གཅིག་ཁོང་རེད་འདུག ཁོང་ཕྱིར་འབུད་བྱེད་རྒྱུ་ལས་ལྡོག་ཏེ་མགྲོན་ཁང་མང་དུ་བཏང་ནས་ལྷ་སའི་ཁྲོམ་གཟིགས་ཁང་དུ་དེ་སྔོན་བླ་མ་ཆེན་པོ་ཞིག་གི་གཟིམས་ཤག་རེད་ཅེས་བརྗོད་པའི་ཁང་རྙིང་ཞིག་མགྲོན་ཁང་ལ་བསྒྱུར་ནས་ཤམྦྷ་ལ་ཕོ་བྲང་ཟེར་བའི་མིང་བཏགས་ཡོད་པ་དང་། དེ་བཞིན་ཤམྦྷ་ལ་འབྱུང་ཁུངས་ཟེར་བའི་མགྲོན་ཁང་ཞིག་འབྲི་གུང་གཏེར་སྒྲོམ་དུ་ཡོད་པའི་གུ་རུའི་སྒྲུབ་ཕུག་འཁྲིས་སུ་བརྒྱབ་པ། རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་གྱི་འཁྲིས་སུ་ཤམྦྷ་ལའི་རྨི་ལམ་ཞེས་པའི་མགྲོན་ཁང་ཞིག་སོགས་མགྲོན་ཁང་མང་པོ་བཟུང་མཁན་ཞིག་ཡིན་པ་རེད།

ཁོང་ནི་ཚོང་ལས་གཉེར་མཁན་ཙམ་ཞིག་མ་ཡིན་པར། ཆབ་སྲིད་ཐོག་འཁྲུག་ཆ་དོད་པོའི་མི་ཞིག་ཡིན་པ་ཡང་གསལ་པོ་རེད། སྤྱི་ལོ་༢༠༠༥ལོར་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་། དེ་རྗེས་རྒྱ་ནག་ལྷོ་ཕྱོགས་ཞོགས་པའི་ཕོ་ཉའི་ཐོག་གསར་འགྱུར་ཞིག་བྲིས་ནས་༧གོང་ས་མཆོག་གི་དགོངས་པ་དང་མི་མཐུན་པའི་གནས་ཚུལ་བྲིས་ཏེ། སྐབས་དེར་བོད་གཞུང་གིས་ཁོང་གི་རྩོམ་ཡིག་དེར་དགག་པ་རྒྱག་དགོས་པ་བྱུང་འདུག བཙན་བྱོལ་བོད་གཞུང་གིས་གསར་ཁང་དེར་བཏང་བའི་ཡི་གེར་བལྟས་ན།ཁོང་གིས་༧གོང་ས་མཆོག་ལ་སྒེར་མཇལ་ཞུས་ནས་གསར་འགྱུར་འབྲི་རྒྱུ་ཡིན་པའི་གནས་ཚུལ་ཞུས་མེད་པ་འདྲ་ལ།༧གོང་ས་མཆོག་གིས་ཁོང་སྒེར་ལ་བཀའ་མོལ་གསུང་བ་ལས་གསར་འགྱུར་ནང་འགོད་རྒྱུའི་སྐད་ཆ་གསུང་མེད་པ་ཡིན་པ་རེད། ཡང་སྐབས་ཤིག་ལ་ཁོང་རང་གི་རྒྱབ་ལྗོངས་དྲིལ་བསྒྲགས་བྱས་པའི་གནས་ཚུལ་གཅིག་གི་ནང་ཁོང་ནི་པེ་ཅིང་སྲིད་གཞུང་དང་ཏཱ་ལའི་བླ་བའི་བར་གྱི་བང་མི་ཞིག་ཡིན་ཚུལ་ཀྱང་བྲིས་འདུག

ལོ་དེ་གའི་ནང་ཁོང་གིས་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ལ་ངོས་འཛིན་ཞུས་པའི་རྒྱལ་མཚན་ནོར་བུ་ལ་མཇལ་ཁ་ཞུས་ནས་དབྱིན་ཇིའི་ནང་གསར་འགྱུར་སྤེལ་ཡོད་པ་དང་། ཁོང་རང་གིས་དེ་ནི་རྒྱལ་མཚན་ནོར་བུ་ཡིས་ཕྱི་རྒྱལ་གྱི་མི་ལ་མཇལ་ཁ་གནང་བ་ཐེངས་དང་པོ་དེ་ཡིན་ཚུལ་བརྗོད་འདུག་པར་བརྟེན། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བཙོན་འཇུག་བྱས་ནས་ལོ་བཅུ་འཁོར་བའི་ལོ་དེར་པེ་ཅིང་སྲིད་གཞུང་གིས་ཁོང་ཚོའི་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་སྐད་ཆ་དབྱིན་ཇིའི་ནང་དྲིལ་བསྒྲགས་བྱེད་ཆེད་ཕྱི་རྒྱལ་གྱི་མི་ཡི་དྲི་བ་དྲིས་ལན་དང་པོ་དེ་ཁོང་ལ་བྱེད་བཅུག་པ་འདྲ།

དེ་བཞིན་ཁོང་གིས་རྒྱ་ནག་ཨང་དང་པོ་ཟེར་བ་དང་། རྒྱ་ནག་གི་དུས་རབས་ཟེར་བ་སོགས་ཉུང་མཐའ་ལ་དེབ་ཉི་ཤུ་རྩ་གྲངས་ཤིག་བྲིས་འདུག་པ་དེ་རྣམས་རྒྱ་ནག་གི་ཆབ་སྲིད་དང་རིག་གནས་ཚོང་ལས་བཅས་ཀྱི་སྐོར་ཡིན་པ་དང་།ཤམ་བྷ་ལ་ཟེར་བ་སོགས་བོད་ནང་བསྐྱོད་སྐོར་གྱི་དེབ་གཉིས་ཙམ་འདུག་པ་དེ་ཚོའི་འགོ་བརྗོད་དུ་རྒྱ་ནག་ནུབ་ཕྱོགས་ཟེར་བ་ལས་བོད་ཀྱི་མིང་ཡང་བརྩིས་མེད་བྱས་འདུག

ཁོང་ནི་མི་ཧ་ཅང་གྲུང་པོ་དང་བོད་མི་རྣམས་ཀྱི་སེམས་ཁམས་རྒྱུས་ལོན་ཡོད་མཁན་ཞིག་ཡིན་པ་བརྗོད་མི་དགོས་པ་དེ་ནི། ལོ་རབས་བཅུ་ལྷག་གི་གོང་དུ་ཁོང་གིས་ཤམྦྷ་ལ་འཚོལ་གྱི་ཡོད་པའི་སྐད་ཆ་བཤད་ནས་བོད་ཀྱི་བླ་མ་ཁག་མཇལ་བ་དང་། ད་ལྟ་གུ་རུ་རིན་པོ་ཆེ་འཚོལ་གྱི་ཡོད་བརྗོད་ནས་བོད་ཀྱི་བླ་མ་ཁག་གི་མཉམ་ལས་ཡོང་ཐབས་བྱས་ཡོད་པ་འདྲ། འོན་ཀྱང་བོད་མི་ཚོས་ནམ་ཡང་བརྗེད་མི་ཉན་པ་དེ་ནི། རྒྱ་ནག་གཞུང་ལ་ཕྱི་ནང་གསང་གསུམ་གྱིས་མི་བེད་སྤྱོད་བྱེད་པའི་ཆ་རྐྱེན་ཡོད་ཅིང་། བེད་སྤྱོད་བྱེད་དགོས་པའི་དམིགས་ཡུལ་ཉག་གཅིག་ཡོད་པ་དེ།རང་གི་ཕུགས་འདུན་བསྒྲུབ་ཆེད་ཡིན་པར་བརྟེན། ཁོང་ཚོར་མཉམ་ལས་བྱེད་མཁན་གྱིས་བོད་ལ་ཕན་པའི་བྱ་བ་ཞིག་བྱེད་རྒྱུའི་རེ་བ་ནམ་ཡང་བྱེད་མི་ཉན།

བོད་ཀྱི་གནད་དོན་གཞན་མང་པོ་དང་མི་འདྲ་བར་ནང་ཆོས་ཀྱི་སྟོབས་ཤུགས་དེ་བཙན་བྱོལ་བོད་མིའི་ལག་ཏུ་ཡོད་པའི་ནུས་པ་ངོ་མ་ཞིག་རེད།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་ཀྱི་ནང་ཆོས་ཀྱི་ཆེས་མཐོའི་དབུ་ཁྲིད་དང་བོད་ཕྱི་ནང་གི་བོད་མི་ཚང་མའི་ཡིད་ཆེས་དང་རེ་བ། ཉན་འཇོག་བཅས་ཞུ་ས་མང་ཆེ་བ་བཙན་བྱོལ་ནང་བཞུགས་ཡོད་པ་དང་། ད་བར་བཞུགས་པའི་མི་རབས་གོང་མའི་བླ་སྤྲུལ་རྣམས་ཀྱིས་བོད་རྒྱའི་གནད་དོན་ཐད་ལ་བཞེངས་ཕྱོགས་མ་ནོར་བ་བཞུགས་ཡོད་ཅིང་། རྒྱལ་དབང་ཀརྨ་པ་བཙན་བྱོལ་ནང་ཕེབས་ནས་དེར་འཐུས་སྒོ་ཇེ་ཚང་དུ་གྱུར་པ་རེད། དེ་བཞིན་ད་ལྟ་བཙན་བྱོལ་ནང་གི་རིས་མེད་དགོན་སྡེ་ཁག་གྲྭ་རྒྱས་ཤིང་སྟག་དར་ནས་ཡོད་དུས། ང་ཚོ་བོད་མི་རྣམས་ཀྱིས་ནུས་པ་འདི་བེད་སྤྱོད་བྱེད་རན་པའི་དུས་ཀྱི་ཐ་མ་ལ་སླེབས་ཡོད་དྲན།

བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་བའི་ལས་དོན་ལ་གདོང་ལེན་ཅི་ལྟར་བྱེད་རྒྱུར་བསམ་བློ་གཏོང་རྒྱུ་དེ་བོད་མི་ཚང་མའི་ལས་འགན་ཡིན།

འདིར་རང་གི་དྲན་ཚུལ་རེ་ཟུང་ཞིག་ཞུས་ན། དང་པོ། བོད་ཀྱི་བླ་ཆེན་རྣམས་ཀྱི་ཚོགས་ཆེན་ཚོགས་གནང་ནས་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་བར་གདོང་ལེན་བྱེད་རྒྱུའི་འཆར་གཞི་འཇོག་དགོས།

གཉིས། བཙན་བྱོལ་བོད་གཞུང་གིས་བོད་ཀྱི་དོན་གཅོད་ཁང་ཁག་བརྒྱུད་ནས་བོད་ཀྱི་ཆོས་ལུགས་ཀྱི་ཆོས་ཚོགས་ཚང་མ་དང་མཉམ་དུ་འབྲེལ་བ་ཡར་རྒྱས་བཏང་ནས། ཐུན་མོང་གིས་མཉམ་ལས་བྱེད་རྒྱུ། དེ་རྣམས་ལ་རོགས་རམ་དང་ལམ་སྟོན་ཟབ་སྦྱོང་བཅས་སྤྲད་པའི་འོག་ནས། ཆོས་ཚོགས་ཁག་ནང་ནང་ཆོས་དང་མཉམ་དུ་ནང་ཆོས་ཀྱི་ལོ་རྒྱུས་དང་། དེ་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་བརྒྱུད་སྤེལ་བྱེད་དགོས།(དེ་ལྟར་བྱེད་ཐུབ་པ་ཞིག་ཡིན་པ་དེ་ནི། མཁས་དབང་ནམ་མཁའི་ནོར་བུའི་རྗེས་འཇུག་ཕྱི་རྒྱབ་བ་རྣམས་ཀྱིས་བོད་ཀྱི་གཞས་ཞབས་བྲོ་འཁྲབ་ཚུལ་ལ་བལྟས་ན་ཤེས་ཐུབ་པ་ཞིག་རེད།)

གསུམ། བཙན་བྱོལ་བོད་གཞུང་གིས་ལས་དོན་འདིའི་ཐད་ཤུགས་རྒྱག་ཡུལ་གཙོ་བོ་རྒྱ་གར་གཞུང་དང་མཉམ་ལས་ཡག་པོ་བྱེད་ཐུབ་དགོས།རྒྱ་ནག་གིས་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་ཟེར་བ་འདིའི་བོད་རྒྱ་ནག་ཅན་དུ་བསྒྱུར་བ་དང་མཉམ་དུ་ཧི་མ་ལ་ཡའི་ནང་ཆོས་ལ་མཚོན་རྩེ་གཏད་ནས་རྒྱ་གར་དང་འབྲུག་ཡུལ་གྱི་རྒྱལ་སྲུང་ལ་ཡང་ཉེན་ཁ་ཇེ་ཆེར་གཏོང་གི་ཡོད། དེར་བརྟེན། གལ་ཏེ་ང་ཚོས་རྒྱ་གར་གཞུང་དང་མཉམ་ལས་ཡག་པོ་་བྱེད་རྒྱུ་དེ་སྐབས་བབ་ཀྱི་ལས་དོན་ཨང་དང་པོ་ལ་བརྩིས་ནས་གཉིས་ཕན་གྱི་ལས་དོན་བསྒྲུབ་དགོས། དེར་རྟེན་ཕྱོགས་གཅིག་ནས་རྒྱ་བལ་ལ་འབྲུག་འབྲས་ཁུལ་དུ་ཡོད་པའི་བོད་ཀྱི་བླ་སྤྲུལ་དང་དགོན་སྡེ་ཆེ་ཆུང་ཚང་མར་བཙན་བྱོལ་བོད་གཞུང་གིས་བདག་པོ་སྔར་ལས་ལྷག་པ་བརྒྱག་རྒྱུ་དང་ངེས་པར་དུ་གོང་བུ་གཅིག་ཏུ་བསྒྲིལ་བ་བྱས་ཐོག ཕྱོགས་གཞན་ནས་རྒྱ་གར་གཞུང་འབྲེལ་མི་སྣར་ལམ་སྟོན་དང་མཉམ་ལས་ཀྱི་སྒོ་ནས་ཧི་མ་ལ་ཡའི་ཆོས་ལུགས་འདི་ཧི་མ་ལ་ཡའི་བདག་དབང་དུ་གནས་རྒྱུའི་འབོད་སྒྲ་ཡི་འོག་ནས་ལས་འགུལ་སྤེལ་དགོས།

བཞི། རྒྱལ་སྤྱིའི་ཐོག་བོད་ཀྱི་ནང་ཆོས་ཟེར་བའི་ཚོགས་ཆེན་གང་མང་འཚོགས་ནས། བོད་ཀྱི་ནང་ཆོས་ཀྱི་ཁྱད་ཆོས་དང་ལོ་རྒྱུས་དྲིལ་བསྒྲགས་བྱེད་རྒྱུ་དེ་ཡང་དུས་ཀྱིས་སྤྲད་པའི་ལས་འགན་ཞིག་རེད་དྲན།

ད་ལྟ་ཨ་རི་ལྟ་བུ་ལ་མཚོན་ན། རྒྱ་ནག་གི་ཁུང་ཙིའི་སློབ་གཉེར་ཁང་སྒོ་རྒྱག་པའི་དུས་ཚོད་གཅིག་ཡིན་པ་དང་འབྱུང་འགྱུར་སྲིད་འཛིན་སུ་ཆགས་མིན་ལ་མ་ལྟོས་པར་ཨ་རིའི་རྒྱ་ནག་དང་འབྲེལ་བའི་ལྟ་ཚུལ་ལ་ཕྱོགས་ཡོངས་ནས་འགྱུར་བ་སོང་ཚར་བ་ཡིན་པས་སྲིད་ཇུས་འདི་མུ་མཐུད་ནས་གནས་རྒྱུ་རེད། དེར་རྟེན། ༧གོང་ས་མཆོག་གིས་ལོ་མང་རིང་སྐུལ་ངལ་འཛེམ་མེད་ཀྱིས་ཚན་རིག་པ་དང་ལྷན་དུ་སེམས་དང་སྲོག་ཟེར་བའི་སློབ་གསོ་སྤེལ་གནང་བཞིན་པ་འདི་དང་། དེ་བཞིན་འཇིག་རྟེན་གྱི་ཚུལ་ཁྲིམས་ཅེས་པའི་ལམ་སྟོན་གྱི་འབད་བརྩོན་འདི་རྣམས་ད་ལྟ་སློབ་ཆེན་ཁག་ནང་ངོ་སྤྲོད་ཤུགས་ཆེན་བྱེད་པའི་དུས་ཤིག་ཡིན་མིན་ཚོད་ལྟ་བྱེད་དགོས། དེར་བརྟེན་ང་ཚོས་བོད་ཀྱི་ནང་ཆོས་ཀྱི་དབང་ཆ་མི་ལག་དང་ཅོ་ཐོ་ཤིང་ལག་ལ་མ་ཤོར་གོང་ནས་ལས་དོན་འདིའི་ཐོག་ཁ་ཚ་དགོས་གཏུགས་ཀྱིས་འབད་བརྩོན་བྱས་དགོས་ངེས་ཤིག་ཡིན་པ་མཐོང་ནས། ཅི་ཡང་མི་ཤེས་མཁན་བླུན་པོ་ང་ལྟ་བུ་ཡང་བློ་མ་བདེ་ནས་རང་གི་བསམ་ཚུལ་དྲན་སྟངས་འདི་འདྲ་ཞིག་འབྲི་ཤོར་ཐལ།

དགེའོ