བོད་ཀྱི་ཕམ་ཁ། ང་ཚོའི་ཕམ་ཁ།
བསྟན་འཛིན་གྲགས་པ།
རང་བཙན། དབུ་མ། ཨ་མདོ། དབུས་གཙང་། ཁམས་པ། གསར་འབྱོར། གཞིས་ཆགས། བོད་མི་འདྲེས་མ།
བོད་མི་རིགས་ཀྱི་ཕམ་ཁ་ཆེ་ཤོས་ནི་འདི་ཚོ་རེད། སྤྱིར་རྒྱལ་ཁབ་ཆེ་ཆུང་ཅི་འདྲ་ཞིག་ཡིན་རུང་ཡར་དར་རྒྱས་འགྲོ་དང་མར་ཉམས་གུད་འགྲོ་བ་ནི་འཇིག་རྟེན་ཆོས་ཉིད་ལས་མ་འདས། རྒྱལ་ཁབ་ཤོར་སྲིད་པ་རེད་ལ་རྒྱལ་ཁབ་ཐོབ་སྲིད་པའང་རེད། དེར་བརྟེན་ང་ཚོའི་ཁ་ཡག་ཡག་དང་མགོ་ལྕོག་ལྕོག་བྱས་ཏེ་མི་རྟག་པ་ཟེར་བཞིན་ཡོད། ཡིན་ཡང་འདས་པར་ཕྱིར་བལྟས་བྱས་ནས་མ་འོངས་པར་འཛུགས་བསྐྲུན་བྱེད་རྒྱུ་དེ་ནི་གལ་ཆེན་ནང་གི་དོན་ཆེན་རེད། བོད་རང་བཙན་ཡང་ཤོར་བ་རེད་། ང་ཚོའི་རང་བཙན་ཤོར་བ་དེ་ཡང་ནང་ཁུལ་དབང་ཆ་རྩོད་རེས་རྐྱང་བྱས་ཏེ་མཐར་བོད་རྒྱལ་ཁབ་ཆེན་པོ་དེ་ཡང་རྒྱ་དམག་ལ་ཕུལ་བ་རེད། ཆོས་བརྒྱུད་ཀྱི་རྩོད་རྙོག བློན་ཆེན་རྣམ་པའི་དབང་ཆའི་རྩོད་རྙོག་སོགས་ཀྱི་རྒྱུ་དང་རྐྱེན་མང་དག་ཅིག་ལ་བརྟེན་ནས་མཐར་བོད་རང་བཙན་ཤོར་ནས་༧སྐྱབས་མགོན་ཡིད་བཞིན་ནོར་བུ་དང་བོད་མི་ཁྲི་ཚོ་མང་པོ་བཙན་བྱོལ་དུ་བྲོས་དགོས་ཐུག་པ་རེད། དེ་ལྟར་མི་ལོ་དྲུག་ཅུ་ཙམ་ཞིག་མི་ཡུལ་དུ་གནས་ཚང་གཡར་ཏེ་བསྡད་པ་རེད། མི་ལོ་དྲུག་ཅུ་དེའི་ནང་ན་ཕྱིར་དྲན་ཞིག་བྱེད་ན་སེམས་ཕམ་དགོས་པ་དང་ཡིད་སྐྱོ་དགོས་པའི་བྱ་བ་མང་པོ་བྱས་པ་རེད། ང་ཚོ་བཙན་བྱོལ་ནང་སླེབས་ནས་དང་ཐོག་༧སྐྱབས་མགོན་ཡིད་བཞིན་ནོར་བུས་བཙན་བྱོལ་གཞུང་བཙུགས། སློབ་གྲྭ་བཙུགས། དགོན་སྡེ་བཙུགས། གཞིས་ཆགས་སོགས་འགོ་བཙུགས་པ་རེད། དེ་ཚོ་ཚང་མ་ཅིའི་ཕྱིར་དུ་རེད། བོད་ཀྱི་བདེན་མཐའ་གསལ་ཆེད་དང་གཞིས་ལུས་བོད་མིས་མྱོང་བཞིན་པའི་དཀའ་ངལ་དག་སེལ་ཆེད་འགོ་བཙུགས་པ་རེད།
རེད་དེ་ཕངས་པ་ཞིག་ལ་ཉམས་ཆག་ཧ་ཅང་ཕྱིན་ཡོད། ངའི་ཉམས་ཆག་ཟེར་དུས་ནང་གི་ཡར་རྒྱས་དང་བཙན་བྱོལ་བོད་མིའི་རྒྱུ་དཔལ་འབྱོར་གི་སྐོར་བཤད་ཀྱི་མེད། དེ་ནི་ཐབས་རྩོད་རང་གི་སྐོར་ཡིན། ཐ་ན་གྲོས་ཚོགས་ཤིག་ཚོགས་ནའང་འཐབ་རྩོད་སྐོར་དང་དགྲ་རྒྱ་ནག་ལ་ལན་ཇི་ལྟར་རྒྱག་དགོས་མིན་སྐོར་གླེང་མཁན་ཧ་ཅང་ཉུང་ཉུང་རེད། རྟག་པར་གཅིག་གིས་གཅིག་ལ་ཁ་ཆག་སྣ་དབྲལ་དང་འགྲོ་གྲོན་སྔོན་རྩིས་སྐོར་རྐྱང་བཤད་མ་ཚར་བར་བསྡད་ཡོད་པ། དེ་ནི་ང་ཚོའི་ཕམ་ཁ་ཞིག་རེད། དེ་ནི་ང་ཚོའི་ཆེད་བརྗེད་ཐབས་མེད་པས་ཞབས་འདྲེད་ཀྱང་རེད།
དེ་ནས་སློབ་གྲྭ་རེད། བོད་ཁྱིམ་སློབ་གྲྭ་དང་དེའི་ཡན་ལག་བརྒྱད། མ་སུ་རི་ཁྱིམ་ཚང་། སམ་བྷོ་ཊ། སོགས་བཙུགས་ནས་མི་ལོ་དུ་མ་ཕྱིན་ཡོད་ཀྱང་ད་ལྟ་སློབ་ཕྲུག་ཕུལ་དུ་བྱུང་བ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་མགོ་བོ་བཀྱག་ནས་འགྲོ་མཁན་ག་ཚོད་འདུག དེ་འདྲའི་སློབ་ཕྲུག་ནི་མཛུབ་མོའི་ཐོག་གྲངས་ཀ་བགྲང་རྒྱུ་ཙམ་ལས་མེད་པ། གལ་སྲིད་ཐོན་ནའང་མི་ངན་འགའ་ཞིག་གིས་ང་ཚོའི་ཆོལ་ཁ་རེད་དང་ཆོས་བརྒྱུད་རེད་ཅེས་ཕྱོགས་རིས་ཀྱི་དུག་ཆེན་དེ་བསམ་བློའི་ནང་བླུགས། དེ་ཡང་ང་ཚོའི་ཕམ་ཁ་ཆེན་པོ་ཞིག་རེད།
དེ་བས་ལྟ་བ་དང་ལངས་ཕྱོགས་རེད། བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་ཇུས་ལ་གུས་བརྩི་ཡོད། དེ་རྩོད་མཁན་གྱི་ཕོ་མོ་སུ་འདྲ་ཞིག་ཡིན་རུང་གུས་བཀུར་ཡོད། རེད་དེ་རང་ཉིད་ལྟ་བུ་ཞིག་ཡིན་ན་རང་བཙན་དགོས་ཟེར་མཁན་ཞིག་ཡིན། དེ་ཡང་རང་ཉིད་མཁས་དབང་ཡིན་མིན་ཀྱི་སྐད་ཆ་མིན། དེ་ཡང་བོད་བཙན་པོའི་དུས་སྐབས་ནས་བོད་རང་བཙན་(གཙང་མའི་)རྒྱལ་ཁབ་ཅིག་ཡིན་པ་དང་དེར་རྩོད་དགོས་པ་ནི་རྒྱུ་མཚན་ཡང་དག་རེད་ལ་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་འགན་ཆེ་ཤོས་དེ་ཡིན། རེད་དེ་གསལ་པོ་བཟོ་རྒྱུ་ཞིག་ལ་ངའི་རང་བཙན་རྩོད་ཀྱི་ཡོད་མ་གཏོགས་གཞན་སྤྱི་ཚོགས་དཀྲུགས་པ་དང་དོན་མེད་འཁྱམ་པོ་བྱས་སྡོད་མེད་པས་ད་དུང་དགྲ་མཐོང་མཐོང་འདྲ་བྱེད་རྒྱུའི་རྒྱུ་མཚན་ཞིག་མ་མཐོང་། རང་བཙན་རྩོད་པ་དེ་ནོར་འཁྲུལ་རེད་ཟེར་མཁན་འདྲ་ཡོད་ན་མི་ཤེས། དེར་སེམས་ལ་ཞོགས་སྤུན་ཟླ་ཚོར། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་དུས་ནམ་ཞིག་རང་བཙན་རྩོད་མ་ཡོང་ཞེས་གསུངས་མྱོང་མེད་པས་གོ་ནོར་མ་ཐེབས་ཨ་གླེན་པ་ཚོ། རེད་དེ་ང་ལ་དཀའ་ངལ་ཡོད་པ་ནི་དབུ་མའི་ལམ་ཁ་ལ་ཁྱེར་ནས་སོ་སོའི་སྒེར་དོན་སྒྲུབ་མཁན་དང་སྤྱི་ཚོགས་དཀྲུགས་མཁན་དག་ཡིན། མི་དེ་ཚོར་དགག་པ་ཡོད། འཇོན་རྒྱུ་སྤུ་ཙམ་མེད་པ་ད་དུང་རྒྱ་ལ་དགྲ་ལབ་མི་ཆོག་ཟེར་བ་སོགས་ནི་ཞབས་འདྲེན་རེད་ལ། དགྲ་དགའ་གཉེན་སྡུག་ཟེར་བ་དེ་འདི་ལྟར་རེད། འདི་ཚོ་ནི་ང་ཚོའི་ཕམ་ཁ་རེད།
དེང་སང་བོད་མི་ན་གཞོན་འགའ་ནུབ་ཕྱོགས་སུ་སློབ་མཐར་ཕྱིན་རྗེས་ནུབ་ཕྱོགས་པའི་ལྟ་བ་དེ་སོ་སོའི་སྤྱི་ཚོགས་ནང་བཅུག་ཐབས་བྱེད་པ་དེ་བྱབ་ཆུང་རེད། ནུབ་ཕྱོགས་རྒྱལ་ཁབ་ཡར་རྒྱས་ཅན་ཡིན་ཡང་བསམ་བློའི་ཆ་ནས་ཧ་ཅང་སྐྱོ་བོ་རེད། ངའི་དུས་རྒྱུན་དུ་ནུབ་ཕྱོགས་པའི་ལྟ་བ་ཡག་པོ་གསེར་འདྲ་ཡོད་ནའང་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་བལྟས་ནས་ལག་བསྟར་བྱེད་རྒྱུ་གལ་ཆེན་མཐོང་མོད། ང་ཚོའི་སྤྱི་ཚོགས་ནང་སྐྱོན་ཡོད་པ་དེ་བདེན་པ་རེད། དེར་ཡར་རྒྱས་ཇི་ལྟར་གཏོང་དགོས་སྐོར་བསམ་དགོས་རེད་མ་གཏོགས་དེར་རྦད་དེ་མེད་པ་བཟོས་ནས་ནུབ་ཕྱོགས་པའི་ལྟ་བ་ལག་བསྟར་བྱེད་དགོས་རེད་ཟེར་ན་དགོད་བྲོ་བོ་ཞིག་མ་རེད་དམ། དཔེར་ན་བུད་མེད་ཐོབ་ཐང་རྩོད་ལེན་པ་འདྲ་ཞིག་ཡིན་ན་ཡག་པོ་རེད་ལ་དགོས་ངེས་ཀྱང་རེད། ཡིན་ཡང་དེང་སང་བཙན་བྱོལ་ནང་མི་འགས་བོད་ཀྱི་བུད་མེད་ཡོངས་སུ་རྫོགས་པ་དེ་འདྲ་རེད་ཟེར་ནས་བོད་སྤྱི་ཡོངས་ཀྱི་སྐུ་ཚབ་བྱེད་ན་ལེགས་པོ་མི་འདུག་བསམས། དཀའ་ངལ་ཡོད་ན་རྩ་བ་ནས་མེད་པ་བཟོ་དགོས་རེད་མ་གཏོགས་ཡལ་ག་འགའ་མེད་པ་བཟོས་ན་དོན་འགྲུབ་རྒྱུ་མེད་པ་རེད། ད་ལྟ་ང་ཚོར་ངོམ་རྒྱུ་ཡོད་པ་ནི་བོད་པའི་གོམས་གཤིས་བཟང་པོ་དེ་རེད། དེ་ནི་གནའ་རབས་ནས་ང་ཚོའི་མེས་པོའི་དུས་ནས་དར་སྲོལ་ཆེ་བའི་རྒན་པར་གུས་བཀུར་དང་གཞོན་པར་གཅེས་སྐྱོང་། དགེ་རྒན་དང་སློབ་ཕྲུག་བར་གྱི་གུས་བཀུར། ཕ་མ་དང་བུ་ཕྲུག་བར་གྱི་བལྟ་སྟངས་དེ་ཚོ་རེད། དེང་གི་ཆར་ཕྲུ་གུས་ཕ་མ་བཙོན་དུ་བཅུག་པ་ཡང་མང་པོ་གོ་རྒྱུ་ཡོད་ལ། རྒན་པས་ཆུང་བ་ལ་བཙན་གཡེམ་བྱས་པ་ཡང་མང་པོ་ཡོད་པ་དག་ནི་བློ་ཡུལ་དུ་འདས་པ་ཞིག་རེད། གལ་ཏེ་དུས་དངབསྟུན་དགོས་རེད་ཟེར་ནས་གོམས་གཤིས་བཟང་པོ་དེ་མེད་པ་བཟོ་ན་ང་ཚོའི་ཕམ་ཁ་རེད།
སེམས་ཕམ་དགོས་པ་ཞིག་དང་ནམ་ཡང་ཕྱིར་བལྟས་བྱེད་དགོས་པ་ཞིག་ནི་ང་ཚོའི་སྲིད་ཀྱི་འགོ་ཁྲིད་མང་དག་ཅིག་ནི་ད་ལྟའི་བར་འདྲ་ཆགས་ཆགས་རྐྱང་བྱེད་པ་མ་གཏོགས་དོན་དངོས་སུ་འཐབ་རྩོད་སྒང་བྱ་བ་འདི་འདྲ་ཞིག་བྱས་པ་རེད་དང་རྒྱ་དམར་པོ་ལ་ལན་འདི་འདྲ་ཞིག་རྒྱག་དགོས་རེད་ཟེར་མཁན་ནི་རྒྱ་མཚོའི་ནང་གི་གསེར་ཉ་རེད། དེ་ཡང་གཞུང་གཅིག་པུ་མ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་དག་ཅིག་ནི་སྤྱི་ཚོགས་ལ་བསྟུན་པ་དང་སོ་སོའི་ཚོགས་པའི་མིང་སྲུང་སྐྱོབ་བྱེད་པ་མ་གཏོགས་རྒྱ་དམར་པའི་ལངས་ཕྱོགས་ལ་ཡ་ལན་སྤྲོད་མཁན་ཡང་ཉུང་ཤས་ཤིག་རེད། ང་ཚོས་འདྲ་ཆགས་ཆགས་རྐྱང་བྱས་ནས་སྤྱི་ཚོགས་ལ་མགོ་སྐོར་བའམ་བསྟུན་ཐབས་བྱེད་ཚར་དུས་ཡར་རྒྱས་འགྲོ་རྒྱུ་ནི་ནམ་མཁའི་མེ་ཏོག་རེད། དེ་ཚོ་ནི་ང་ཚོའི་ཕམ་ཁ་རེད།
ད་ནི་རྒྱ་དམར་པོ་ལ་དགྲ་ལབ་མི་ཆོག་པ་དང་ཁོང་ཚོར་བསྟུན་དགོས་པའི་དུས་ཚོད་ཅིག་ལ་སླེབས་ལ་ཉེ་འདུག་མོད། དེ་ཚོ་ནི་ཅིའི་ཕྱིར་རེད། སློབ་གྲྭའི་ནང་རང་ལས་གཞན་གཅེས་ཟེར་བའི་ལྟ་བ་དེ་འཐབ་རྩོད་ནང་བཅུག་ན་རང་བཙན་དང་དབུ་མ་ཕར་ཟད་རེད། ཐ་ན་བོད་པ་ཡིན་ཟེར་རྒྱུ་དེ་ཡང་མེད་པ་ཆགས་སྲིད་པ་འདུག་མོད། ཐའེ་ཝན་དང་ཧོང་ཀོང་གི་རྙོག་གྲ་དེར་ལྟོས་དང་རྟོགས་ཐུབ་པ་ཞིག་རེད། གལ་སྲིད་ང་ཚོ་མུ་མཐུད་འདི་ལྟར་འགྲོ་བ་ཡིན་ན་དུས་ནམ་ཞིག་རྒྱ་ལ་མགོ་བཏགས་ནས་ཕྱིར་རང་ཡུལ་དུ་ལོག་འགྲོ་མི་ཟེར་བའི་ངེས་པ་མི་འདུག དེ་ནི་ང་ཚོའི་ཕམ་ཁ་ཆེ་ཤོས་དེ་རེད།
རེད་དེ་བོད་ད་དུང་གསོན་པོ་ལྷག་ཡོད་ལ། ང་ཚོས་ད་དུང་འཕྱི་དྲགས་མེད། བོད་མི་ད་དུང་རྫོགས་མེད། ན་གཞོན་ང་ཡིན་ཟེར་མཁན་མང་པོ་ཞིག་འཚར་བཞིན་ཡོད། ཡིན་ཡང་དུས་རྒྱུན་དུ་ན་གཞོན་གསར་བུ་འདྲ་ཐུག་དུས་ཞེད་སྣང་ཞིག་རང་བཞིན་དུ་སླེབས་ཡོང་བ་ནི་མི་ངན་འགས་གསར་བུ་དེར་ཆོལ་ཁའི་ཞེན་ཁོག་དེ་བླུགས་ནས་རྙོག་གྲ་ཅན་བཟོ་མི་ཡོང་ངམ་བསམ་པ་དང་། དུས་སྐབས་གཅིག་ལ་རྒན་རབས་ཚོས་ན་གཞོན་ཚོས་འགན་མི་ཁུར་ཚུལ་བཤད་འདུག་མོད། དངོས་གནས་ཡིན་ན་ཁྱོད་ཚོས་དཀའ་ལས་བརྒྱབས་ཡོད། ལམ་བཟོ་རྒྱུགས་པ་དང་གཞིས་ཆགས་ཁག་འཛུགས་པ་དང་དགོན་སྡེ་ཁག་བཙུགས་ནས་བོད་ཀྱི་ཆོས་དང་རིག་གཞུང་སོགས་བརྟན་པོ་ཉར་ཐུབ་པ་དེ་ནི་ཁྱོད་ཚོའི་བཀའ་དྲིན་ཡིན། ད་ནི་ཁྱེད་ཚོ་སྐུ་ངལ་གསོ་བའི་དུས་ལ་སླེབས་ཡོད། དངོས་ཤུགས་བརྒྱུད་གསུམ་གྱི་རྐུབ་བཀྱག་སྟོང་པ་བཞག་ནས་ན་གཞོན་རྣམས་ལ་གོ་སྐབས་ཞིག་སྐྲུན་དང་། དེ་ཡང་སོ་སོའི་གཉེན་ཉེ་དང་འབྲེལ་ཡོད་གཅིག་པུ་མིན་པར་ཚང་མར་གཅིག་གྱུར་གྱི་གོ་སྐབས་ཤིག་སྤྲད་ནས་ལྟོས་དང་བཙན་བྱོལ་བོད་དེ་མ་འདྲ་བ་ཞིག་ཆགས་རྒྱུ་ཉག་གཅིག་རེད། ང་ཚོས་ལྔ་དང་ལྔ་བཅུའི་འཆར་གཞི་སྐོར་ཚོགས་ཆེན་ཚོགས་ན་སྔར་འདས་ཟིན་པའི་འཐུས་ཤོར་གཞིར་བཞག་ནས་མ་འོངས་འཛུགས་བསྐྲུན་ཇི་ལྟར་བྱེད་ཕྱོགས་གླེང་དགོས་པ་གལ་ཆེན་མཐོང་། དེ་ལ་མདོར་བསྡུས་ནས་བཤད་ན་ང་ཚོ་སྔོན་གྱི་འདས་ཟིན་པའི་མི་ལོ་དྲུག་ཅུ་བཞིན་འགྲོ་གི་ཡིན་དང་དེ་མིན་ཐབས་ལམ་གསར་པ་ཞིག་འགོ་བརྩམ་གྱི་ཡིན་མིན་རེད། གཞན་ཚོགས་འདུ་བསྐོངས་ནས་འདྲ་ཆགས་ཆགས་འདྲ་བྱེད་བསྡད་ན་འགྲོ་སོང་འཕར་མ་ཞིག་ལས་གཞན་གང་ཡང་མིན།།
མཐའ་མ་དེ་བོད་རིགས་སྤུན་ཟླ་ཡོངས་ལ་འབོད་བསྐུལ་ཞིག་ཡོད་པ་དེ་ནི། གལ་སྲིད་ཁྱོད་ཚོས་ཁྱབ་བསྒྲགས་འགྲོ་ཆེད་༸སྐུ་མདུན་མཇལ་ཁ་ཞུ་བཞིན་ཡོད་ན།
སྐུ་མཁྱེན་མཚམས་འཇོག་རོགས། ཁྱོད་ཚོའི་སྐུ་མདུན་གི་གསུང་འཕྲིན་རྣམས་སེམས་ལ་བཅངས་ནས་ལག་ལེན་བྱེད་པ་དང་སྤུན་ཟླ་ནང་ཁུལ་མཐུན་པོ་བྱོས་དང་དེ་ལས་ལྷག་མེད། ཁོང་དགོངས་ལོ་བརྒྱད་བཅུ་ཟིན་ཚར་བས་སྐུ་ངལ་གསོ་དགོས་རེད། དོན་མེད་དཀའ་མངལ་མ་སྤྲོད་རོགས། བོད་ལ་སྐྱིད་པས་ཉི་མ་མགྱོགས་པོ་ཤར་ཡོང།